འཇམ་དབྱངས་ཕུར་བུ། རྣམ་རྒྱལ་དོན་གྲུབ།   ཡུལ་ཤུལ་ཁུལ་བོད་སྨན་ཁང་།

 

ནང་དོན་གནད་བསྡུས།  དཔྱད་རྩོམ་འདིར་བོད་ཀྱི་གསོ་བ་རིག་པའི་འབྲེལ་ཡོད་ཡིག་ཆ་དང་། དེ་སྔོན་བ་ཚྭའི་ཆུ་ཡི་རྫས་འགྱུར་གྲུབ་ཆར་བརྟག་དཔྱད་བྱས་མྱོང་བའི་ཡིག་ཆ་དག་ལ་བལྟ་ཀློག ད་དུང་དམིགས་གསལ་གནས་ཚུལ་གྱི་སྐོར་ལ་བཅར་འདྲིའི་བརྟག་དཔྱད་བྱས་པ་བཅས་ཀྱི་སྒོ་ནས་བརྟག་དཔྱད་དང་། ཁྱད་པར་དུ་བ་ཚྭའི་ཆུ་ཡི་རོ་མངར་སྐྱུར་ལན་ཚྭ་བཅས་ཀྱི་ཡོན་ཏན་དང་སྦྱར་ནས། ཁོང་པ་སྦོ་བའི་རྟགས་ལ་ཇི་ལྟར་ཕན་ཚུལ་ལ་རང་བློས་དཔྱོད་ཤེས་ཙམ་བྲིས་ཡོད།

གནད་ཚིག      བ་ཚྭའི་ཆུ།      ཁོང་པ་སྦོ་བ།      ཕན་ཚུལ།

--------------------------------------------------------------------------------------------------------------------------------------------------------------------------------------------------------------

བ་ཚྭའི་ཆུ་ཡི་ཁྱད་ཆོས་བཤད་པ་ལ་ཀྲུང་གོའི་བོད་ཀྱི་གསོ་བ་རིག་པའི་གཞུང་ཆེན་བདུད་རྩི་སྙིང་བོའི་རྒྱུ་ལས་སྐོམ་གྱི་གཙོ་བོ་བཏུང་བ་ཆུ།།དེ་ཡི་དབྱེ་བ་བྱེ་བྲག་རྣམས།།ལོགས་སུ་བྱས་པ་དེ་ལ་གཟིགས།།དེ་ཡི་རྒྱུ་མཚན་ཉམས་སུ་ལོངས།།སྐྱོན་གྱི་དོགས་པ་མི་འབྱུང་ངོ་།།ཞེས་གསུངས་པ་ལྟརཆུ་ནི་སྐོམ་གྱི་གཙོ་བོ་ཡིན་པ་དང་། དབྱེ་བ་ལ་ཆར་ཆུ་གངས་ཆུ་ཆུ་ཀླུང་ཆུ་དང་ཆུ་མིག་ཁྲོན་པ་བ་ཚྭ་ཤིང་གི་ཆུ་ཡོད་དེ། དེ་དག་ཆར་ཆུ་ལས་རིམ་པ་བཞིན་ཤིང་ཆུའི་བར་དུ་མཆོག་དམན་གོ་རིམ་ངེས་པ་ཅན་ཡོད་པ་ནི་ཡན་ལག་བརྒྱད་པའི་སྙིང་བོའི་བསྡུས་པ་དང་འགྲེལ་བ་ཟླ་ཟེར་སོགས་ཀྱི་ཁུངས་ལུང་ཆུ་བོ་བྱུང་སའི་ཡུལ་དང་དུས་ཚིགས་ཀྱི་ཁྱད་པར་སོགས་ཀྱི་རིག་པ་ལ་བརྟེན་ནས་གསལ་བོར་སྒྲུབ་ཡོད་པས། འདིར་ར་མགོ་ལུག་སྦྱར་ལ་དོགས་ནས་མ་སྤྲོས་མོད། སྐོམ་གྱི་གཙོ་བོ་བཏུང་བ་ཆུ་རིགས་རྣམ་པ་བདུན་པོ་དེ་ལས་ཕྱི་མ་བ་ཚྭའི་ཆུས་ཁོང་པ་སྦོ་བར་ཕན་པའི་ཕྱིར་བསྟེན་ཅི་ཐུབ་བྱ་རྒྱུ་ནི་སྨྲས་མི་དགོས་སོ།།འདིར་གཙོ་བོར་ཙོང་ཁའི་ཡུལ་གྲུའི་གནའ་མཁར་ཟི་ལིང་གི་ནུབ་ཕྱོགས་སུ་ཡོད་པའི་བ་ཚྭའི་ཆུ་དེ་ལ་དཔྱད་འདོད་ཡོད་དེ། ཆུ་དེ་དམངས་ཁྲོད་དུ་བ་ཚྭའི་ཆུར་ངོས་བཟུང་ཡོད་པ་དང་། འཐུང་མྱོང་མཁན་ནས་ཁོང་པ་སྦོ་བ་ལ་ཕན་ཞེས་བཤད་མཁན་མང་པོ་འདུག་པས། འདིར་བོད་ཀྱི་གསོ་བ་རིག་པའི་འབྲེལ་ཡོད་ཡིག་ཆ་བལྟ་ཀློག་དང་། དེ་སྔོན་བ་ཚྭའི་ཆུ་ཡི་རྫས་འགྱུར་གྲུབ་ཆར་བརྟག་དཔྱད་བྱས་མྱོང་བའི་ཡིག་ཆར་ཞིབ་བསྡུར་བཅས་ཀྱི་གཞིར་བཟུང་སྟེ་བ་ཚྭའི་ཆུ་ཡི་རོ་ནུས་ཞུ་རྗེས་གསུམ་གྱི་ངོས་འཛིན་དང་དེས་ཁོང་པ་སྦོ་བར་ཕན་པའི་ཚུལ། གཞན་གནའ་མཁར་ཟི་ལིང་གི་བ་ཚྭའི་ཆུ་ལ་འཐུང་མྱོང་བའི་མང་ཚོགས་ལ་དྲི་བའི་སྒོ་ནས་བརྟག་དཔྱད་ཞིབ་འཇུག་བྱ་བ་དང་། ཆུ་དེ་ཐ་མལ་སྐབས་བསྟེན་དྲགས་པའི་ཉེས་སྐྱོན་སོགས་ལ་རང་བློས་དཔོག་ཚོད་ཀྱིས་དཔྱད་པར་བྱའོ།།

དང་པོ། བ་ཚྭའི་ཆུ་ཡི་རོ་ནུས་ཞུ་རྗེས།

        བོད་ཀྱི་གསོ་རིག་གི་གཞུང་དང་དམངས་ཁྲོད་ཀྱི་འཚོ་བ་ལས་བ་ཚྭའི་ཆུ་ཞེས་པ་ནི་བ་ཚྭ་ཆགས་པའི་ཆུ་དེ་ལ་ཟེར་ཞིང་ཡུལ་དེའི་ས་ནི་རླན་གཤེར་ཅན་ཞིག་ཡིན་ཏེ། དྲི་མེད་ཤེལ་ཕྲེང་ལས། ཡུལ་རླན་ཆེ་བ་དང་དུས་དཔྱིད་ཀྱི་ཆུ་ནི་རང་བཞིན་གྱིས་ལྕི་བ་ཡིན་པས། ཞེས་གསུངས་པ་ལྟར་བ་ཚྭ་ཆགས་པའི་ཆུ་དེར་ལྕི་བའི་རང་བཞིན་ཡོད་པ་ཤེས་ཐུབ། དེ་ཡང་། དྲི་མེད་ཤེལ་ཕྲེང་ལས། བ་ཚྭས་ཆུ་འབྱེད་ཐུར་དུ་སྦྱོང་བར་ནུས།། ཞེས་དང་། བ་ཚྭ་ཞེས་པ་གད་གྲོག་ལས་()ཆགས་པ་སྣུམ་འབོལ་རླན་ཅན་ཟེ་ཚྭའི་རྒྱུ་འདྲ་བ་ལ། ཚྭ་བྲོ་ངད་ཆེ་ཡང་མེར་བསྲེགས་ན་ཟེ་ཚྭ་ལྟར་མི་ཁོལ་བ་ཡིན། ཞེས་འབྱུང་བ་དང་། ཡང་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས། འདི་ལྗོངས་ཡོངས་ཀྱི་ཡུལ་ཕལ་མོ་ཆེར་ཡོད་ཅིང་། མང་ཆེ་བ་གད་ཁྲེབ། གྱང་རལ། བ་ཚྭ་ཅན་གྱི་ཆུ་རྒྱུད་སོགས་རླན་གཤེར་ཆེ་སར་ཆགས་པ། ཁ་བའི་ཕྱེ་མའམ་བ་མོ་འདྲ་བ། རོ་མངར་སྐྱུར་ཟེ་ཚྭའི་བྲོ་བ་འདྲ་བ། ཞེས་དང་། བོད་ལུགས་གསོ་རིག་ཚིག་མཛོད་ཆེན་མོ་ལས། ལན་ཚྭའི་བྲོ་བ་ཡོད་པའི་ཆུ་མིག་གི་འགྲམ་མམ་རླན་གཤེར་ཅན་གྱི་སར་ཆགས་པའི་ཚྭ་རིགས་དམན་པ་ཞིག་གི་མིང་སྟེ། རོ་ལན་ཚྭ་ལ་ཁ་བ། ཞུ་རྗེས་མངར་བ། ནུས་པ་དྲོ་ལ་རྣོ་ཞིང་ལྕི་བས་ཆུ་འབྱེད་ཅིང་དྲི་མ་འགགས་པ་འབྱིན་པའམ་ཐུར་དུ་སྦྱོང་བར་བྱེད་དོ།། ཞེས་འབྱུང་བ་སོགས་ལ་གཞིགས་ནས་བ་ཚྭ་ནི་ལན་ཚྭའི་རིགས་ཤིག་ཡིན་པ་ཤེས་སླ་ཞིང་། གཞན་ད་དུང་དྲི་མེད་ཤེལ་གྱི་འཁྲུངས་དཔེ་ལས་རོ་མངར་བ་དང་སྐྱུར་བ། གསོ་རིག་ཚིག་མཛོད་ལས་ཁ་བ་སོགས་འབྱུང་བ་ལས་བ་ཚྭའི་ཆུ་དེ་གནས་མི་འདྲ་བར་གཞིགས་ནས་རོ་ཡང་ཅུང་ཟད་མི་འདྲ་བའི་རིགས་སྣ་ཚོགས་འབྱུང་བཞིན་པའང་ཤེས་ཐུབ། བ་ཚྭའི་ཆུའི་ནུས་པ་ལ་ཆུ་འབྱེད་ཅིང་ཐུར་དུ་སྦྱོང་། དྲི་འགགས་འབྱིན་ཞེས་ངོ་བོའི་ནུས་པ་བཤད་པ་ཙམ་ལས་རོའི་ནུས་པ་བཤད་མེད་མོད། དེ་ལ་དཔལ་ལྡན་རྒྱུད་བཞི་ལས།  མངར་སྐྱུར་ལན་ཚྭ་ཚ་བས་རླུང་འཇོམས་ཤིང་། ཞེས་དང་། ཚ་སྐྱུར་ལན་ཚྭས་བད་ཀན་སེལ་བར་བྱེད།། ཅེས་གསུངས་པ་བཞིན། རོ་ལན་ཚྭ་བས་ནི་རླུང་དང་བད་ཀན་སེལ་བར་བཤད་པ་དང་། གཞན་ཆུ་མེ་གཉིས་ཀྱིས་ཤས་ཆེར་བསྐྱེད་པའི་ལན་ཚྭའི་ནུས་པ་ནི་སོ་སོར་བཤད་པ། དཔལ་ལྡན་རྒྱུད་བཞི་ལས། ཆུ་སྨན་སླ་བསིལ་ལྕི་རྟུལ་སྣུམ་ལ་མཉེན།། ཞེས་དང་། ཡང་། མེ་སྨན་ཚ་རྣོ་སྐམ་རྩིབ་ཡང་སྣུམ་གཡོ།། དྲོད་སྐྱེད་སྨིན་ཅིང་མདོག་བྱེད་བད་ཀན་སེལ།། ཞེས་འབྱུང་བ་བཞིན་བ་ཚྭའི་ཆུའི་ནུས་པ་ནི་རྣོ་བ་དང་ལྕི་བ། དྲོ་བའམ་སྣུམ་པར་བྱེད་པས་ན་དེས་ཆུ་འབྱེད་ཅིང་ཐུར་དུ་སྦྱོང་བར་བྱེད་པ་ཡིན། ཞུ་རྗེས་ལ་ནི། དཔལ་ལྡན་རྒྱུད་བཞི་ལས།། ཞུ་རྗེས་ཕོ་བའི་མེ་དང་འཕྲད་པའི་ཚེ།། བད་མཁྲིས་རླུང་གིས་རིམ་པར་ཞུ་བ་ལས།། མངར་དང་ལན་ཚྭས་ཞུ་རྗེས་མངར་བར་ཞུ།།ཞེས་གསུངས་པ་ལ་ལན་ཚྭའི་རིགས་མཐའ་དག་གི་ཞུ་རྗེས་མངར་བ་ཡིན་པར་བཤད་པ་བཞིན་བ་ཚྭའི་ཆུ་ཡང་དེ་ལས་མ་འདས་ལ་དེས་ནི་རླུང་ལ་ཧ་ཅང་ཕན་པར་ཡང་འདོད། གཞན་གོང་དུ་གསུངས་པ་བཞིན་ས་གནས་མི་འདྲ་བ་ལ་གཞིགས་ནས་རོ་ལན་ཚྭ་གཞིར་བཞག་གི་སྟེང་ཤས་ཆུང་བའི་རོ་གཞན་དང་གཞན་ཡང་འབྱུང་སྲིད་པས་དེ་ལ་དེ་མཐུན་གྱི་ནུས་པ་གཞན་ཡང་ཡོད་ངེས་སོ།།

གཉིས་པ།  བ་ཚྭའི་ཆུ་ཡིས་ཁོང་པ་སྦོ་བར་ཕན་ཚུལ།

          གཤམ་དུ་གཙོ་བོ་ཁོང་པ་སྦོ་བའི་རྒྱུ་རྐྱེན་ནད་དཔེ་འགའ་དང་སྦྱར་ནས་བཤད་པ།  བ་ཚྭའི་ཆུས་ཁོང་པ་སྦོ་བར་ཕན་པའི་ནུས་པ་ཐོན་ཚུལ་དང་། ཐ་མལ་གྱི་སྐབས་སུ་བ་ཚྭའི་ཆུ་བསྟེན་དྲགས་པའི་ཉེས་སྐྱོན་བཅས་ཕྱོགས་གསུམ་གྱི་ཐད་ནས་བརྗོད་པར་བྱ་བ་སྟེ།

༡  ཁོང་པ་སྦོ་བའི་རྒྱུ་རྐྱེན།

བོད་ཀྱི་གསོ་བ་རིག་པ་ལས་ནད་རྟགས་གསལ་བར་འབྱེད་པ་བློ་གསལ་ཡིད་ཀྱི་དགའ་སྟོན་ལས། ཁོང་བ་སྦོ་བ་ནི་ཕོ་བར་གནས་པའི་མེ་དྲོད་གསུམ་གྱིས་མྱགས་དང་འཇུ་དང་། སྦྱངས་པའི་སྟོབས་ཉམས་པ་དང་། ཁྱད་པར་ལོང་ན་གནས་པའི་རླུང་མེ་མཉམ་འཁྲུགས་ནས་ཁོང་བ་སྦོ་ཞིང་སྒྲ་བཅས་འབྱུང་བའི་ནད་རྟགས་ཤིག་ཡིན། ཞེས་གསུངས་པ་ལྟར་ཁོང་པ་སྦོ་བ་ནི་ནད་རིགས་མང་བོར་འབྱུང་བའི་ནད་རྟགས་ཤིག་སྟེ། རྒྱུད་གཞུང་ལས་རླུང་ནད་གསོ་བ་དང་། མཁྲིས་པའི་ནད་གསོ་བ། བད་ཀན་གྱི་ནད་གསོ་བ། སྨུག་པོའི་སྐབས། མ་ཞུ་བ་དང་། སྐྱ་རྦབ། དམུ་ཆུ་དང་མཆིན་ནད། མཆེར་ནད། ལོང་ནད་སོགས་ཀྱི་སྐབས་སུ་རྟགས་དང་སྦོ་སྟངས་མི་འདྲ་འབྱུང་བ་བཤད་པར་གཞིགས་ན་ནད་གང་གི་སྔོན་རྗེས་བར་གསུམ་གང་རུང་ཕོ་བའི་མེ་དྲོད་གསུམ་ལ་གནོད་ཅིང་འཁྲུགས་པར་བྱེད་པ་དང་ལྷག་པར་རྒྱུ་ལོང་གི་མེ་མཉམ་འཁྲུགས་ནས་གང་རུང་དུ་བྱེད་པའི་ནད་མཐའ་དག་ལ་རྟགས་འདི་འབྱུང་བར་འདོད།

ཉེས་གསུམ་དང་ཁོང་ནད་གསོ་བའི་སློབ་དེབ་ལ་གཞིགས་ནས་ཁོང་པ་སྦོ་བའི་རྒྱུ་རྐྱེན་ཕྱོགས་བསྡུས་རེའུ་མིག

ནད་གཞི །

སྦོ་བའི་རྒྱུ་རྐྱེན།

སྦོ་ཚུལ།

རླུང་ནད་ཀྱི་ལེའུ།

ཕོ་བར་རླུང་ནད་ཞུགས་པ།

སྦོ་ཞིང་འཁྲོག

མཁྲིས་ནད་ཀྱི་ལེའུ།

རླུང་གི་རྐྱེན་ལ་བརྟེན་ནས་མཁྲིས་པ་རང་གི་ངོ་བོ་གནས་གྱུར་པ།

སྦོ་འཁྲོག་བྱེད་པ།

བད་ཀན་གྱི་ལེའུ།

༡ མཁྲིས་པ་འཇུ་བྱེད་དང་རླུང་མེ་མཉམ་གྱི་མཐུ་ཡོངས་སུ་ཉམས།

༢ མཆེར་བར་བད་ཀན་གྱི་ནད་བབས་པ།

སྦོ་འཁྲོག་བྱེད་པ།

སྨུག་པོའི་ལེའུ།

སྨུག་པོའི་ལོང་གི་གནས་སུ་ལྷུང་བ།

སྦོ་འཁྲོག་བྱེད་པ།

མ་ཞུ་བ་ལེའུ།

ཕོ་བའི་གནས་སུ་བད་ཀན་གྱི་བེ་སྣབས་འཕེལ་བས་མེ་མཉམ་རླུང་གི་ལམ་བཀག་པ།

སྦོ་ཞིང་ཟུར་ཟུག་ན་བ

སྐྱ་རྦབ་ཀྱི་ལེའུ།

བད་ཀན་ཤས་ཆེར་ལྡན་པའི་དང་ག་འགག ཁ་ཟས་མི་འཇུ་བ། ཆུའི་མཁར་གཡོ་བ།

ཤིན་ཏུ་སྦོ་བ།

དམུ་ཆུའི་ལེའུ།

བྱང་ཁོག་སྨད་ལ་ཆུ་ཟགས་པ།

སྦོ་འཁྲོག་བྱེད་པ།

མཆིན་ནད་ཀྱི་ལེའུ།

བཅུད་མེད་ཀྱི་ཁ་ཟས་ཡུན་དུ་བསྟེན་པ།

སྦོ་བ།

མཆེར་ནད་ཀྱི་ལེའུ།

ཚ་བ། ཁྲག རླུང་། བད་ཀན། མཆེར་བ་རླུགས་པ་སོགས་ཀྱི་རྐྱེན།

སྦོ་འཁྲོག་བྱེད་པ།

ལོང་ནད་ཀྱི་ལེའུ།

ལོང་གི་གནས་སུ་ཁྲག་མཁྲིས་ཚ་བ་ཞུགས་པ།

༢ བད་རླུང་གྲང་བའི་སྟོབས་ཀྱིས་འཇུ་བའི་མཐུ་ཉམས་པ།

༣ བད་ཀན་གྲང་བའི་རྐྱེན།

སྦོ་ཞིང་འཁྲོག་པ།

༢  བ་ཚྭའི་ཆུའི་ནུས་པ་ཐོན་ཚུལ།  

         རླུང་ནད་གསོ་བ་དང་མཁྲིས་པ་གསོ་བ། བད་ཀན་གསོ་བ། མ་ཞུ་བའི་སྐབས་སོགས་སུ་འབྱུང་བའི་ཁོང་པ་སྦོ་བར་བ་ཚྭའི་ཆུ་འཐུང་ན་ཕན་པ་ནི་སྨོས་མེད་ཡིན་ཏེ། དཔལ་ལྡན་རྒྱུད་བཞི་ལས། ལན་ཚྭ་ཁ་ཟས་ཀུན་གྱི་བྲོ་བ་སྐྱེད།། དྲོད་སྐྱེད་འཇུ་བ་སླ་ཞིང་བཤང་བ་འབྱིན།། ཞེས་གསུངས་པ་ལྟར་དང་། ཡང་། མངར་སྐྱུར་ལན་ཚྭ་ཚ་བས་རླུང་འཇོམས་ཤིང་།། ཚ་སྐྱུར་ལན་ཚས་བད་ཀན་སེལ་བར་བྱེད།། ཅེས་པ་ལྟར་རོ་ལན་ཚྭ་བས་ནི་དྲོད་སྐྱེད་ཅིང་འཇུ་བའི་གྲོགས་བྱེད་པས་ན་ཕོ་བའི་མེ་དྲོད་རྣམ་གསུམ་འཁྲུགས་པར་གྱུར་ནས་ཁོང་པ་སྦོ་བར་རོ་ཡི་ནུས་པས་ཕན་པར་འདོད། ངོ་བོའི་ནུས་པའི་ཆ་ནས། འབྱུང་བ་ཆུ་མེ་གཉིས་ཀས་ཆེར་བསྐྱེད་པས་ན་ནུས་པ་རྣོ་བ་དང་ལྕི་བ། དྲོ་བའི་ཁྱད་ཆོས་དང་ལྡན་པས་འཇུ་བའི་གྲོགས་བྱེད་པ་དང་ཐུར་སེལ་གྱི་རྒྱུ་བ་འགགས་ནས་བཤང་བ་འགག་པ་དང་ཆུ་གསོག་པ་སོགས་ལའང་ཕན་པར་འདོད་དེ། དྲི་མེད་ཤེལ་ཕྲེང་ལས་ཀྱང་། བ་ཚྭས་ཆུ་འབྱེད་ཐུར་དུ་སྦྱོང་བར་བྱེད།།ཅེས་དང་། དཔལ་ལྡན་རྒྱུད་བཞི་ལས། ཚ་སྐྱུར་ལན་ཚྭ་རྣམ་གསུམ་ཚ་ལ་རྣོ།།ཞེས་འབྱུང་བ་ལྟར་ནུས་པ་ཚ་ལ་རྣོ་བས་ནི་ཐུར་དུ་སྦྱོང་བར་བྱེད་དེ། ཞུ་རྗེས་མངར་བར་ཞུ་བས་དྲོད་སྐྱེད་པར་བྱེད་པ་དང་ས་ཆུའི་ཁམས་ཀྱི་ནུས་པས་ཐུར་དུ་སྦྱངས་ཏེ་ཁོང་པ་སྦོ་བ་ཞི་བར་བྱེད་པ་ཡིན།

       མདོར་ན། འདི་དག་ལ་བཞེད་པ་མི་མཐུན་པ་མང་པོ་ཡོད་ཀྱང་། རང་ཉིད་ཀྱི་བསམ་ཚུལ་ལ་བ་ཚྭའི་ཆུའི་ནུས་པ་གཙོ་བོ་ཐོན་པ་ནི་རོའི་ནུས་པ་ཡིན་ཏེ། གཉེན་པོ་བ་ཚྭའི་ཆུ་སྤྲོད་སྐབས་མཆིན་པའི་ནད་དང་མཆེར་བའི་ནད་སོགས་ཀྱི་སྐབས་སུ་ཁོང་པ་སྦོ་བའི་རྟགས་ནི་ཞི་བར་བྱེད་སྲིད་མོད་ནད་ཀྱི་རྒྱུ་ནི་མཆིན་པ་དང་མཆེར་བ་རང་ཉིད་ལ་གནས་པའི་ནད་ལ་ཕན་པར་མི་འདོད་དེ། གཙོ་བོ་རླུང་གི་དབང་གིས་ཁོང་པ་སྦོ་བ་ལ་ཕན་པ་ནི་བརྗོད་མི་དགོས།

བ་ཚྭའི་ཆུ་ཡི་ཡོན་ཏན་ཉེས་པ་འཕེལ་འགྲིབ་དང་སྦྱར་བའི་རེའུ་མིག

བ་ཚྭ་ཆུ་ཡི་ཡོན་ཏན།

ཉེས་པ་འཕེལ་འགྲིབ།

མངར་བ།

ལྕི

རླུང་དང་མཁྲིས་པ་བད་ཀན་སེལ།

བད་ཀན་སྐྱེད།

རྟུལ

བསིལ

སླ

བརྟན

སྣུམ

འཇམ

མཉེན

སྐྱུར་བ།

བད་ཀན་སེལ།

མཁྲིས་པ་སྐྱེད།

སྐམ

སྣུམ

བརྟན

ལྕི

རྣོ

རྩུབ

ལན་ཚྭ།

སྣུམ

རླུང་དང་བད་ཀན་སེལ།

མཁྲིས་པ་སྐྱེད།

རྩུབ

རྣོ

ལྕི

མཉེན

སླ

གཡོ

༣  བ་ཚྭའི་ཆུ་བསྟེན་དྲགས་པའི་ཉེས་སྐྱོན།

          དེ་ཡང་དཔལ་ལྡན་རྒྱུད་བཞི་ལས། རྟག་ཏུ་གཅིག་ལ་མ་ཡིན་ཀུན་སྙོམས་སྤྱད།།ཅེས་གསུངས་པ་བཞིན་འཇིག་རྟེན་གྱི་བྱ་དངོས་གང་ཡང་ལེགས་ཉེས་ལྡོག་པ་ཐ་དད་དུ་གཞི་གྲུབ་པས་ན་བསྟེན་དྲགས་པའམ་ཐལ་དྲགས་ན་ཉེས་པ་ཆེན་པོ་ཡོད་ངེས། དེ་བཞིན་ལན་ཚྭ་བསྟེན་དྲགས་པའི་སྐྱོན་ལ་དཔལ་ལྡན་རྒྱུད་བཞི་ལས། ལན་ཚས་རླུང་དང་བད་ཀན་སེལ་བྱེད་ཅིང་།། ལྕེ་མྱང་རྒྱམ་ཚ་མ་གཏོགས་མཁྲིས་པ་སྐྱེད།། ཧ་ཅང་ཐལ་དྲགས་ལྕི་བས་བད་ཀན་སྐྱེད།།ཅེས་གསུངས་པ་ལྟར་སྤྱིར་ལན་ཚྭ་བས་བད་ཀན་སེལ་མོད། བསྟེན་དྲགས་ན་ལྡོག་སྟེ་བད་ཀན་སྐྱེད་པར་བཤད་པ་དང་། ལན་ཚྭ་རྣོ་བ་དང་སྣུམ་པའི་ཁྱད་ཆོས་ཡོད་པས་མཁྲིས་པ་སྐྱེད་པར་བྱེད་ངེས། ལྷག་པར་དུ་ཐ་མལ་གྱི་དུས་སུ་བ་ཚྭའི་ཆུ་འདི་ཆུ་རིགས་ཀུན་ལས་ཅུང་དམན་པའམ་ལུས་ཁམས་གནོད་པར་འདོད་དེ། ཡང་དཔལ་ལྡན་རྒྱུད་བཞི་ལས། བ་ཚྭ་སྲོག་ཆགས་ཁུ་བས་ཉེས་ཀུན་སྐྱེད།།ཅེས་གསུངས་པ་དང་ཆུ་རིགས་བདུན་ལས་ཀྱང་ཅུང་དམན་པའི་གྲས་སུ་བཞག་འདུག ཡིན་ཡང་འདི་ནི་ཐ་མལ་བའི་ལུས་ལ་དགོངས་ཏེ་དེ་ལྟར་ཏུ་གསུངས་པ་ལས་ནད་ཅན་གྱི་སྐབས་སུ་གོང་བཤད་དགེ་མཚན་ཡོད་པའང་སྨོས་མ་དགོས་སོ།།

གསུམ་པ།  དངོས་ཐོག་ཞིབ་འཇུག

          དངོས་ཐོག་ཞིབ་འཇུག་གམ་བཅར་འདྲིའི་གནས་ཚུལ་ནི། རང་ཉིད་༢༠༡༣ལོའི་ཟླ་༤པ་ནས་ཟླ་༦བའི་བར་དུ་ཐེངས་འགའ་ལ་དངོས་སུ་གནས་ཟི་ལིང་གྲོང་ནུབ་ཏུ་ཡོད་པའི་བ་ཚྭའི་ཆུ་ཡོད་ས་དེར་སོང་བ་དང་། མི་སྣ་འདེམས་ཚུལ་ནི་བ་ཚྭའི་ཆུ་བསྟེན་དང་བསྟེན་བཞིན་པའི་མི་དར་མ་དང་རྒན་པ་ཁག་ལ། ཡི་གེ་དང་ངག་གི་དྲི་བ་བརྒྱུད་ནས་ཕྱོགས་བསྡུས་བྱས་པའི་མཇུག་འབྲས་རྣམས་དབྱེ་ཞིབ་བྱས་པ་ལྟར་ན་གཤམ་ལྟར་ངེས་པ་སྟེ།

图片3.png

གོང་གི་སྡོམ་རྩིས་ནི་ཡིག་ཐོག་བཅར་འདྲིའི་འབྲས་བུ་སྟེ། གཙོ་བོའི་ཐབས་ཤེས་ལ་རྟེན་གྱི་སྒོ་ནས་ཕོ་མི་གྲངས་༥༠དང་མོ་མི་གྲངས་༥༠ལ་བཅར་འདྲི་བྱས་ཡོད། བཅར་འདྲིའི་ནང་དོན་ནི་རྒྱ་ཡིག་གི་ཚུལ་དུ་བྲིས་ཡོད་དེ། རྒྱུ་མཚན་ནི་གནས་དེར་ཡོད་པའི་མི་རྣམས་ནི་རྒྱ་རིགས་ཡིན་པས་བོད་ཀྱི་ཡི་གེ་མི་ཤེས། (བཅར་འདྲའི་ནང་དོན་ཟུར་བཀོད་དུ་གཟིགས་རོགས།) བཅར་འདྲིའི་ནང་དོན་དུ་གཙོ་བོ་བ་ཚྭའི་ཆུ་དེས་ཁོང་པ་སྦོ་བ་ལ་ཕན་སྐྱེད་ཡོད་མེད་བྲིས་འདུག་པས། མཐར་སྡོམ་རྩིས་རྒྱག་པ་ལས་ང་ཚོས་ཤེས་ཐུབ་པ་ནི་མི་བརྒྱའི་ནང་དུ་88% མི་རྣམས་ཀྱིས་བ་ཚྭའི་ཆུ་དེས་ཁོང་པ་སྦོ་བར་ཕན་ཞེས་བརྗོད། གཞན་རྣམས་ཀྱིས་ཕན་སྐྱེད་མེད། ཡང་ན། ཕན་པ་མི་གསལ་ཞེས་བརྗོད་དེ། རང་ཉིད་ཀྱིས་དྲི་བའི་སྒོ་ནས་ཤེས་ཐུབ་པ་ནི་ཁོག་པ་སྦོ་བར་ཕན་ཞེས་བརྗོད་པའི་མང་ཚོགས་ནི་གནས་དེར་ཡུན་རིང་དུ་གནས་པའི་མི་ཡིན་པ་སྟེ། ཕན་སྐྱེད་མེད་ཅེས་བརྗོད་པའི་མང་ཚོགས་རྣམས་ནི་ཐེངས་གཅིག་གཉིས་ཙམ་ལས་འཐུང་མ་མྱོང་བས།  འཐུང་ཚད་ཉུང་དྲགས་པ་སོགས་ཀྱི་གནས་ཚུལ་དག་ཀྱང་ཡོད་པའོ།།

བཞི་བ།  བ་ཚྭའི་ཆུར་རྫས་འགྱུར་བརྟག་བྱས་པའི་འབྲས་བུ།

        ཟི་ལིང་གི་བ་ཚྭའི་ཆུ་དེའི་རོ་ནི་གོང་དུ་བརྗོད་པ་བཞིན་མངར་སྐྱུར་ལན་ཚྭ་ཤས་ཆེ་ཞིང་དྲི་མ་མེད་པ་དང་། ཆུ་དེ་དྲོད་ཚད་ནི་དུས་དབྱར་དགུན་མེད་པར་དྲོན་མོ་ཡིན་པས་ཆུ་ཚན་གྱི་ཁོངས་སུ་ངེས་ཞེས་ཀྱང་བརྗོད་ཆོག ཆུ་དེ་ཁྲོན་པའི་ནང་དུ་ཡོད་པ་དང་ཕྱིར་བཞུར་རྒྱུན་ཡོད་པའི་གནས་ཚུལ་གཉིས་མཆིས་ཀྱང་། མང་ཚོགས་ཀྱིས་ཁྲོན་པའི་ནང་གི་ཆུ་དེ་འཐུང་བ་ལས་བཞུར་བཞིན་པའི་ཆུ་དེ་འཐུང་གིན་མེད་དེ། རྒྱུ་མཚན་ཅི་ཡིན་གསལ་བོར་མི་ཤེས།  སྤྱིར་བ་ཚྭའི་ཆུ་དེའི་གྲུབ་ཆ་གཙོ་བོ་ནི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས་གྲུབ་ཆ་གཙོ་བོ་KNO3ཡིན།ཞེས་གསུངས་ཡོད། འོན་ཀྱང་རང་ཉིད་ཀྱིས་ཟི་ལིང་གི་བ་ཚྭའི་ཆུ་དེར་རྫས་འགྱུར་བརྟག་དཔྱད་སོགས་བྱེད་མ་ཐུབ་པ་མ་ཟད། མིག་སྔར་དེའི་སྐོར་ལ་བརྟག་དཔྱད་བྱས་མྱོང་བའི་གྲུ