སྐལ་བཟང་རྒྱ་མཚོ། ཀན་སུའུ་ཀླུ་ཆུ་རྫོང་བོད་ལུགས་སྨན་ཁང་།

 

ནང་དོན་གནད་བསྡུས། མི་བཞུ་བའི་རིན་པོ་ཆེའི་སྦྱོར་བཟོའི་ལས་རིམ་ནི་རིན་པོ་ཆེ་འདུལ་སྦྱོང་དང་འབྲེལ་བ་དམ་ཟབ་ཡོད་ས། འདིར་ཧ་ཅང་གཟབ་དགོས་པའི་གནད་དམ་པ་དང་། མི་བཞུ་བའི་རིན་པོ་ཆེ་སྦྱོར་བཟོའི་ལག་ལེན་གྱི་རིམ་པ་རྣམས་ཞིབ་རྒྱས་སུ་བཀོད་ཡོད།

གནད་ཚིག   མི་བཞུ་བའི་རིན་པོ་ཆེ།  རོ་ནུས།  སྦྱོར་ཐབས།

----------------------------------------------------------------------------------

ས་བཅད་དང་པོ། བོད་ལུགས་གསོ་རིག་གི་སྨན་རྫས་རིག་པའི་སྦྱར་ཐབས་སྤྱིར་བཤད་པ།

དང་པོ། སྨན་གྱི་རོ་ནུས་བཤད་པ།

འགྲོ་བའི་ལུས་འདི་འབྱུང་བ་བཞི་ཡིས་གྲུབ༎ གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད༎ གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད༎ ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ༎ ཞེས་གསུངས་པ་བཞིན། དེ་ཡང་བོད་ཀྱི་གསོ་བ་རིག་པའི་མཐར་ཐུག་གི་དགོངས་དོན་ནི། ཕྱི་ནང་གི་སྣོད་བཅུད་རྟེན་གཡོའི་ཆོས་ཐམས་ཅད་འབྱུང་བ་བཞི་ལས་གྲུབ་པར་བཞེད་པ་དང་།ནང་བཅུད་ཀྱི་སེམས་ཅན་གྱི་འབྱུང་ཁམས་འཕེལ་ཟད་འཁྲུགས་ནས་ནད་དུ་གྱུར་བའི་ཚེ། འབྱུང་བ་བཞི་ལས་གྲུབ་པའི་ཕྱི་རོལ་གྱི་རྫས་ལ་བརྟེན་ནས་ལུས་ཁམས་ཀྱི་འབྱུང་བའི་འཕེལ་ཟད་སྙོམས་སྒྲིག་བྱེད་པ་ཡིན། དེ་ཡང་བསྡུས་སྦྱོར་ལས། རེག་བྱ་ས་ཆུ་མེ་རླུང་དང་༎ འཇམ་རྩུབ་ལྕི་ཡང་གྲང་བ་དང་།། བཀྲེས་དང་སྐོམ་པ་བཅུ་གཅིག་གོ། ཞེས་གསུངས་པ་བཞིན། རགས་པའི་ལུས་དང་ཕྲ་བའི་ལུས་སྟེ། རྣམ་པར་ཤེས་པ་དང་འབྱུང་ཁམས་རྣམས་དབྱེར་མེད་དུ་འདྲེས་ཡོད་ཕྱིར། འབྱུང་བ་ནི་གང་ཟག་ལ་མཚོན་ན་རེག་བྱ་ཞིག་ཡིན། འབྱུང་བ་ལྔ་གནས་ཤིང་འཕེལ་བ་ནི་ལུས་གནས་ཤིང་འཕེལ་པའི་རྒྱུ་ཡིན་ལ། འབྱུང་བ་འཕེལ་ཟད་དུ་གྱུར་ནས་རྣམ་པར་ཤེས་པའི་ཡུལ་དུ་འཇམ་རྩུབ་ལྕི་ཡང་སོགས་མཚན་ཉིད་ཀྱི་རེག་བྱ་མི་འདོད་པ་བྱུང་བ་ཚོར་བ་སྡུག་བསྔལ་བའི་ནད་ཀྱི་མཚན་ཉིད་ཡིན། རྟེན་གཡོའི་དངོས་པོ་ཐམས་ཅད་གྲུབ་ཚུལ་གྱི་ཆ་ནས་འབྱུང་བ་བཞིས་བྱེད་པ་གཅིག་མཚུངས་ཡིན་པ་དང་། འཕེལ་ཟད་སྙོམས་སྒྲིག་འབྱུང་བ་བཞི་ཡིས་བྱེད་པ་གཅིག་མཚུངས་ཡིན་ཡང་། སྐྱེ་དངོས་རྩི་ཤིང་རྣམས་ནི་སེམས་ལྡན་མིན་པས་འབྱུང་བཞིའི་རྣམ་གཞག་ལས་མེད་པ་དང་། གང་ཟག་ནི་རྣམ་པར་ཤེས་པའི་སེམས་ལྡན་ཡིན་པས་རྒྱུ་ཉོན་མོངས་བའི་སེམས་ལས་བྱུང་བའི་ཉེས་གསུམ་གྱི་རྣམ་གཞག་གྲུབ་ཡོད་ཕྱིར། ཉེས་པ་འཕེལ་ཟད་འཁྲུགས་པ་ལས་བྱུང་པའི་ནད་ནི་འབྱུང་ལྔའི་རྟེན་ཅན་སྨན་གྱི་རོ་དྲུག་ལས་བྱུང་པའི་ནུས་པ་བརྒྱད་དང་། ཡོན་ཏན་བཅུ་བདུན། སྟོབས་གཉིས་བཅས་ལ་བརྟེན་ནས་གསོ་བར་བྱེད་དགོས་པ་ཞིག་ཡིན། དེ་ནི་རགས་པ་ཉེས་གསུམ་གྱི་དབང་དུ་བྱས་ནས་སྨན་གྱི་ནུས་པ་བརྒྱད་གསུངས་པ་དང་། ཉེས་པའི་མཚན་ཉིད་ཉི་ཤུ་དང་སྦྱར་ནས་ཡོན་ཏན་བཅུ་བདུན་བྱུང་བ། ནད་ཚ་གྲང་གཉིས་ཀྱི་དབང་དུ་བྱས་ནས་སྟོབས་གཉིས་བྱུང་བ་བཅས་རེད། ནུས་སྟོབས་ཡོན་ཏན་ཐམས་ཅད་ནི་རོ་ཡི་རྗེས་སུ་བྱུང་བ་དང་། ལྕེའི་དབང་ཤེས་ཀྱིས་སྨན་གྱི་རོ་མྱོང་བ་ལ་བརྟེན་ནས་སྨན་རྫས་ཡོད་དོ་ཅོག་གི་ངོ་བོའམ་ནུས་པ་གང་ཟག་གི་བློའི་ཡུལ་དུ་དང་བ་འདྲེན་ནུས་ཤིང་ངེས་ཤེས་རྙེད་པར་འགྱུར་བ་དང་། དེའི་ཕྱིར་སྨན་གང་ལ་འབྱུང་བའི་ནུས་པ་གང་དག་ལྡན་པ་རོ་དྲུག་གི་ཐ་སྙད་ལ་བརྟེན་ནས་ངོས་འཛིན་བྱེད་དགོས་པ་རེད།

གཉིས་པ། སྨན་གྱི་ཞུ་རྗེས་བཤད་པ།

དེ་ཡང་ཟས་སྐོམ་གང་ཟོས་མ་ཐག་རླུང་སྲོག་འཛིན་གྱི་བྱེད་ལས་ལ་བརྟེན་ནས་ཕོ་བར་བཅུག་རྗེས། ལུས་ཀྱི་བརླན་དང་སྣུམ་པའི་ཆ་ཡིས་རིམ་གྱིས་ཟས་སྐོམ་རྣམས་ཤིག་ནས་མེ་དྲོད་གསུམ་གྱིས་རིམ་པ་བཞིན་འཇུ་བར་བྱེད། རོ་དྲུག་གི་བདག་ཉིད་ཅན་གྱི་སྨན་གང་ཞིག་ཟོས་པ་དེ་ཡང་ཕོ་བའི་མེ་དྲོད་གསུམ་སྟེ། བད་ཀན་མྱག་བྱེད་དང་། མཁྲིས་པ་འཇུ་བྱེད། རླུང་མེ་མཉམ་བཅས་མེ་དྲོད་རྣམ་གསུམ་དང་ཕྲད་རྗེས། རིམ་པ་བཞིན་མྱག་བཞུ་དྭངས་སྙིགས་ཕྱེ་ནས་ཞུ་ཟིན་པའི་རོ་ཇི་ལྟར་གྱུར་པ་ལས། དེ་དང་རྗེས་སུ་མཐུན་པའི་འབྱུང་བའི་མཚན་ཉིད་ཀྱིས་ཐོན་པའི་བྱེད་ལས་སམ་ནུས་པ་ལ་བྱ་བ་ཡིན་ཏེ། ཟླ་ཟེར་དུ། ཕོ་བའི་མེ་དང་འཕྲད་པ་ལས༎ གང་ཞིག་རོ་རྣམས་གཞན་གྱུར་བ༎ རོ་རྣམས་ཞུ་བའི་ཐ་མ་དག། དེ་ནི་ཞུ་རྗེས་ཞེས་བཤད་དོ༎ ཞེས་གསུངས། དེས་སྐྱེད་གྱུར་ཤས་ཆེར་རོ་གཅིག་མིན༎ ཞེས་པའི་གོ་དོན་ལས་སྨན་རྫས་གང་ཡིན་ཡང་འབྱུང་བ་ལྔ་ལས་མ་བསྐྱེད་པ་གཅིག་ཀྱང་མེད་པ་དང་། འབྱུང་བ་ཤས་ཆེ་ཆུང་གི་དབང་གིས་རོ་དྲུག་པོ་བྱུང་བ་ཡིན་པ་མ་གཏོགས། སྨན་རྫས་གང་ཡང་འབྱུང་བ་ལྔ་ལས་གྲུབ་པ་ཡིན་གཤིས། སྨན་རྫས་གཅིག་གི་ནང་དུ་རོ་དྲུག་པོའི་ཆ་ཕྲན་བུ་རེ་མི་མངོན་པའི་ཚུལ་དུ་གནས་ཡོད་པ་རེད། དེ་ལྟ་བས་ན་སྨན་རྫས་གང་ཞིག་ཞུ་བའི་ཐོག་མ་ཉིད་ནས་ཡོངས་སུ་རྫོགས་པར་སྨིན་ཚར་བའི་ཡུན་ལ། སྨན་རྫས་དེའི་རོ་རྣམས་ཞུ་བའི་གོ་རིམ་ལས་དང་པོའི་རོ་ལས་རོ་གཞན་དུ་འགྱུར་སྲིད། དེ་ཡང་རོ་དྲུག་པོ་དེ་ཕོ་བའི་མེ་དང་འཕྲད་པ་ལས་དང་པོ་བད་ཀན་མྱག་བྱེད་ཀྱིས་མྱག བར་དུ་མཁྲིས་པ་འཇུ་བྱེད་ཀྱིས་བཞུས། ཐ་མར་མེ་མཉམ་རླུང་གིས་དྭངསས་སྙིགས་ཤན་ཕྱེ་བའི་དུས་ཀྱི་དྭངས་མ་རྩ་མིག་གི་བུ་གར་མ་ཞུགས་པ་དེའི་དུས་ན་ཞུ་རྗེས་ཀྱི་རོ་འབྱུང་བའོ། དཔལ་ལྡན་རྒྱུད་ལས། ཞུ་རྗེས་ཕོ་བའི་མེ་དང་འཕྲད་པ་ལས།། བད་མཁྲིས་རླུང་གིས་རིམ་པར་ཞུ་བ་ལས༎ མངར་དང་ལན་ཚྭའི་ཞུ་རྗེས་མངར་བར་ཞུ།། སྐྱུར་བ་རོ་མཚུངས་ཁ་ཚ་བསྐ་གསུམ་ཁ༎ ཉེས་པ་གསུམ་པོ་གཉིས་གཉིས་རེ་རེ་སེལ༎ ཞེས་གསུངས་པ་བཞིན་ཞུ་རྗེས་དེ་ཡང་རོ་མི་འདྲ་བ་གསུམ་དུ་འགྱུར་བའོ།།

གསུམ་པ། རོ་ནུས་ཞུ་རྗེས་གསུམ་མཐུན་སྡེབ་བྱེད་ཚུལ།

སྨན་གྱི་རོ་དྲུག་པོ་ནི་འབྱུང་བ་བཞི་ཡིས་བསྐྱེད་པ་ཡིན་པས། རོ་མངར་བ་ལ་འབྱུང་བ་ས་ཆུ་གཉིས་ཀྱི་ནུས་པ་དང་། རོ་སྐྱུར་བ་ལ་འབྱུང་བ་མེ་ས་གཉིས་ཀྱི་ནུས་པ་ཡོད་པ། རོ་ལན་ཚ་བ་ལ་འབྱུང་བ་ཆུ་མེ་གཉིས་ཀྱི་ནུས་པ་ཡོད་པ། རོ་ཁ་བ་ལ་འབྱུང་བ་ཆུ་རླུང་གི་ནུས་པ་ཡོད་པ། རོ་ཚ་བ་ལ་འབྱུང་བ་མེ་རླུང་གི་ནུས་པ་ཡོད་པ། རོ་བསྐ་བ་ལ་འབྱུང་བ་ས་རླུང་གཉིས་ཀྱི་ནུས་པ་ཡོད་པ་བཅས་རོ་དྲུག་པོ་སོ་སོ་ལ་འབྱུང་བའི་ནུས་པ་ལྡན་ཡོད་ཕྱིར། རོ་དྲུག་པོ་སོ་སོ་རང་རང་གི་རྗེས་སུ་མཐུན་པར་བྱུང་བའི་ནུས་སྟོབས་ཡོན་ཏན་གྱིས་ཉེས་པའི་མཚན་ཉིད་དང་ནད་ཚ་གྲང་ཐམས་ཅད་སེལ་བར་བྱེད། དཔལ་ལྡན་རྒྱུད་ལས། རོ་མཉམ་ནུས་པ་སོ་སོ་རྟེན་སྟོབས་དང་༎ གྱུར་བ་སྦྱར་བའི་དབང་ལས་འབྱུང་འགྱུར་ཏེ༎ ཞེས་གསུངས་པ་བཞིན། སྤྱིར་བཏང་གིས་རོ་སོ་སོའི་ནུས་པ་དེ་ངེས་གཏན་དུ་གྲུབ་ཟིན་ཀྱང་། རོ་མངར་བ་ཐམས་ཅད་ནུས་པ་དང་བྱེད་ལས་གཅིག་མཚུངས་ཡིན་པའི་ངེས་པ་མེད་དེ། སྨན་རྫས་རོ་མཚུངས་པ་རྣམས་ཀྱང་དེ་ལས་ལྡོག་པའི་ནུས་པའམ་བྱེད་ལས་ཐ་དད་དུ་འགྱུར། སྨན་རྫས་གང་ཞིག་རོ་མཉམ་པ་ལས་ནུས་པ་སོ་སོ་འབྱུང་བ་ནི། རོའི་རྟེན་འབྱུང་བའི་དབང་གིས་བསྒྱུར་བ་དང་། སྐྱེ་ས་ཉི་ཟླའི་སྟོབས་ཚ་བསིལ་ལམ་ཆེ་ཆུང་གི་དབང་གིས་བསྒྱུར་བ། གྱུར་བའི་དབང་གིས་བསྒྱུར་བ་ཕོ་བའི་མེ་དྲོད་དང་འཕྲད་པ་ནས་ཟུངས་དང་དྲི་མའི་བར་དུ་གནས་ཀྱི་དབང་གིས་བསྒྱུར་བ་དང་། གྲོགས་ཀྱི་བསྡོངས་ཟླ་སོགས་སྨན་གཞན་དང་ཚུལ་དུ་མར་སྦྱོར་བའི་དབང་གིས་བསྒྱུར་པས་ན། རོ་མཉམ་པ་ལ་ནུས་པ་སོ་སོར་འབྱུང་སྟེ། དཔེར་ན། ཀ་ར་དང་བུ་རམ་གཉིས་རོ་གཅིག་མཚུངས་ཡིན་ནའང་། ཀ་ར་ལ་ཚ་བ་ཁྲག་མཁྲིས་སེལ་བའི་ནུས་པ་ལྡན་པ་དང་། བུ་རམ་ལ་གྲང་རླུང་སེལ་བའི་ནུས་པ་ལྡན་པ། འོ་མ་དང་མར་གཉིས་རོ་མངར་བ་མཉམ། འོ་མ་ནི་ནུས་པ་བསིལ། མར་ནི་ནུས་པ་དྲོ་བ་ལྟ་བུའོ། དེ་ཡང་སྨན་ཁ་ཤས་རོའི་དབང་དུ་བྱས་ན་རླུང་མཁྲིས་བད་ཀན་གསུམ་གང་རུང་ལ་མི་གནོད་པའི་ཚུལ་དུ་ཡོད་ན་ཡང་། གནོད་པ་ལྟར་བྱུང་བ་ནི་ཞུ་རྗེས་ཀྱིས་ལས་བྱེད་པ་ཞེས་བྱ་བ་དང་། དེ་ལས་གོ་ལྡོག་ཏེ་སྨན་གང་རུང་ཞིག་རླུང་མཁྲིས་བད་ཀན་གསུམ་གང་རུང་ལ་གནོད་པའི་ཚུལ་དུ་ཡོད་ན་ཡང་། མི་གནོད་པར་ཕན་པ་ལྟར་དུ་བྱུང་བ་ནི་རོ་ལས་གོ་ལྡོག་པ་ཞེས་བྱ་སྟེ་ནུས་པས་ལས་བྱེད་པ་ཡང་ཡོད་དོ། དཔེར་ན། རོ་དང་ཞུ་རྗེས་གཉིས་ཀ་མངར། ནུས་པའང་ལྕི་རྟུལ་སོགས་ས་ཆུའི་ཡོན་ཏན་ཚང་བ་རོ་དང་ནུས་པ་ཞུ་རྗེས་གསུམ་མཐུན་པ་བྱུང་བ་ན་ནད་སེལ་བའི་ནུས་སྟོབས་ལྷག་པར་ཆེ་བར་གསུངས། དེ་བས་ན་སྨན་གྱི་ནུས་པ་དེ་ཉེས་པའི་མཚན་ཉིད་དང་སྦྱར་ནས་གཉེན་པོ་སྤྲོད་སྐབས། རོ་ནུས་ཞུ་རྗེས་ཐམས་ཅད་བྱེད་ལས་མཐུན་པ་བྱུང་ན་རོ་ཡི་ནུས་པས་ལས་བྱེད་པར་འགྱུར་བ་དང་། རོ་དང་ཞུ་རྗེས་གཉིས་མི་མཐུན་པ་བྱུང་ན་ཞུ་རྗེས་ཀྱིས་ལས་བྱེད་པ། རོའི་བྱེད་ལས་དང་གོ་ལྡོག་པ་བྱུང་ན་ངོ་བོའི་ནུས་པས་ལས་བྱེད་པ། རོ་ནུས་ཞུ་རྗེས་མི་མཐུན་ན་གང་མི་མཐུན་པ་དེའི་ནུས་པ་འོག་མས་ནུས་པ་གོང་མ་ཟིལ་གྱིས་གནོན་པར་འགྱུར་བ་བཅས་ཡིན་པས། དེས་ན་ཐང་ཕྱེ་རིལ་བུའི་སྦྱོར་བ་གང་དང་གང་ཡིན་ཡང་རོས་ལས་བྱེད་པ་རྣམས་ཕྱོགས་གཅིག་ཏུ་སྡེབས། ནུས་པས་ལས་བྱེད་པ་རྣམས་ཕྱོགས་གཅིག་ཏུ་སྡེབས། ཞུ་རྗེས་ཀྱི་ལས་བྱེད་པ་རྣམས་ཕྱོགས་གཅིག་ཏུ་བསྡེབ་ཏེ་སྦྱར་དགོས་པ་ཡིན་ནོ།

ས་བཅད་གཉིས་པ། མི་བཞུ་བའི་རིན་པོ་ཆེའི་སྨན་གྱི་སྦྱར་ཐབས་བྱེ་བྲག་ཏུ་བཤད་པ།

དང་པོ། མི་བཞུ་བའི་རིན་པོ་ཆེའི་སྨན་གྱི་སྦྱར་ཐབས་ཀྱི་ཁྱད་ཆོས་བཤད་པ།

རིན་ཆེན་གཡུ་རྙིང་ཉེར་ལྔའི་སྦྱོར་སྡེའི་དབྱེ་ཞིབ་རེའུ་མིག

ཨང་གྲངས།  སྨན་མིང་།  སྦྱོར་ཚད།   ཕན་ནུས།   བྱེད་ལས།

1 གཡུ་རྙིང་།   རྒྱ་མ།༤ དུག་ནད། མཆིན་ཚད་སེལ། གཙོ་བོའི་སྨན།

2 མུ་ཏིག   རྒྱ་མ།༡ དུག་ནད་སེལ། གཙོ་བོའི་སྨན།

3 བྱུ་རུ།    རྒྱ་མ།༡ མཆིན་ཚད རྩ་ཚད། དུག་ནད་སེལ། གཙོ་བོའི་སྨན།

4 མཚལ་དཀར། རྒྱ་མ།༡ གློ་མཆིན་རྩ་ཚད་སེལ།  གཙོ་བོའི་སྨན།

5 གསེར་མདོག  རྒྱ་མ།༢ ནད་ཀུན་ལ་ཕན། དུག་ནད་སེལ། གཙོ་བོའི་སྨན།

6 ལྕགས་ཕྱེ། རྒྱ་མ།༣ མཆིན་དུག་སེལ།  གཙོ་བོའི་སྨན།

7 སྐྱུ་རུ།   རྒྱ་མ།༡ ཁྲག་མཁྲིས་ཚ་བ་སེལ།  གཙོ་བོའི་སྨན།

8 བྲག་ཞུན། རྒྱ་མ།༡ མཆིན་ཚད་སེལ།  གཙོ་བོའི་སྨན།

9 ཙན་དཀར།  རྒྱ་མ།༡ འཁྲུག་ཚད་སེལ། གཙོ་བོའི་སྨན།

10 ཙན་དམར།  རྒྱ་མ།༡ ཁྲག་ཚད་སེལ། གཙོ་བོའི་སྨན།

11 བ་ལེ་ཀ   རྒྱ་མ།༡  མཆིན་ནད་དང་།  སྣོད་ཚད་སེལ།  གཙོ་བོའི་སྨན།

12 བ་ཤ་ཀ   རྒྱ་མ།༡  ཁྲག་ཚད་སེལ། གཙོ་བོའི་སྨན།

13 གི་ལྦ།    རྒྱ་མ།༢ རིམས་དུག་མཆིན་ཚད་སེལ། ཁ་སྒྱུར་སྨན།

14 རུ་རྟ།    རྒྱ་མ།༡ རླུང་ཁྲག་སེལ། གཙོ་བོའི་སྨན།

15 ཨུཏ་པལ།  རྒྱ་མ།༢ མཆིན་ཚད་སེལ།  ཁ་སྒྱུར་སྨན།

16 བོང་དཀར།   རྒྱ་མ།༣   དུག་ཚད་མཁྲིས་ཚད་སེལ།  ཁ་སྒྱུར་སྨན།

17 ཛ་ཏི།    རྒྱ་མ།༡ སྙིང་ནད།  རླུང་ནད་སེལ། ཁ་འཛིན་སྨན།

18 ལི་ཤི།    རྒྱ་མ།༡ སྲོག་རྩའི་ནད་སེལ། ཁ་འཛིན་སྨན།

19 ཏིག་ཏ། རྒྱ་མ།༢ མཁྲིས་ཚད་སེལ།  ཁ་སྒྱུར་སྨན།

20 བ་རུ།  རྒྱ་མ།༡ བད་མཁྲིས་སེལ།  ཁ་འཛིན་སྨན།

21 ཅུ་གང་། རྒྱ་མ།༡ གློ་ཚད་སེལ། ཁ་འཛིན་སྨན།

22 གུར་གུམ། རྒྱ་མ།༡ མཆིན་ནད་སེལ།   ཁ་སྒྱུར་སྨན།

23 གེ་སར། རྒྱ་མ།༡ མཆིན་ཚད་སེལ།   ཁ་སྒྱུར་སྨན།

24 བསེ་རུ། རྒྱ་མ།༡ བྱང་ཁོག་རྣག་ཁྲག་སེལ། ཁ་སྒྱུར་སྨན།

25 གླ་རྩི།    རྒྱ་མ།༠· མཆིན་ནད་སེལ།   ཁ་སྒྱུར་སྨན།

26 ཆོས་སྨན།   རྒྱ་མ།༡ གདོན་འཇོམས་སྨན་རྟས་བྱེད། ཁ་ཚར་སྨན།

27 སུག་སྨེལ།  རྒྱ་མ།༡ མཁལ་ནད་སེལ།  ཁ་འཛིན་སྨན།

དཔལ་ལྡན་རྒྱུད་ལས། དེ་བས་དངོས་དང་སྦྱར་བའི་དབང་གྱུར་ལས།། ས་སྟེང་སྨན་མིན་ཅི་མང་ཡོད་མ་ཡིན༎ ཞེས་གསུངས་པ་བཞིན། བོད་ལུགས་གསོ་བ་རིག་པའི་སྨན་རྫས་སྡེབ་སྦྱོར་ཀྱི་རིག་པ་ནི་རྟེན་གཡོའི་དངོས་རྫས་ཐམས་ཅད་འབྱུང་བ་བཞི་ཡིས་གྲུབ་པ་དང་། གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད་པ་ཞིག་ཡིན་པས། ཕྱི་རོལ་ཡུལ་གྱི་ས་རྡོ་རི་བྲག་ལ་སོགས་པའི་རྫས། ས་སྨན་དང་། རྡོ་སྨན་རིགས། རིན་པོ་ཆེའི་སྨན་རིགས། སྐྱེ་དངོས་སྨན་རིགས། སྲོག་ཆགས་ཀྱི་སྨན་རིགས་སོགས་ཐམས་ཅད་སྨན་དུ་གཏོང་ཆོག་པར་གསུངས། དེ་ཡང་དངོས་དང་སྦྱར་བའི་ཞེས་པའི་ཤུགས་བསྟན་ལས། འདུལ་སྦྱོང་གི་ཐབས་ལ་བརྟེན་ནས་སྨན་གྱི་ངོ་བོ་བསྒྱུར་བའམ། ནད་ཀྱི་མཚན་ཉིད་ཀྱི་གནས་ཚུལ་ལ་གཞིགས་ནས་གཉེན་པོའི་སྨན་གྱི་ནུས་པ་ལྕི་སྣུམ་སོགས་གང་འཕྲོད་སྦྱོར་ཤེས་ཚེ་རྫས་ཐམས་ཅད་སྨན་དུ་འགྲོ་ཆོག་པ་སྟེ། དཔེར་ན། བཙན་དུག་ནི་དུག་ཤས་ཆེས་ཆེ་བའི་རྫས་ཤིག་ཡིན་ན་ཡང་། གཉེན་སྲིན་གྱི་རིགས་ལ་བཏང་ན་སྨན་དུ་འགྱུར་བ་ལྟ་བུ། བོད་ལུགས་གསོ་བ་རིག་པའི་སྦྱོར་བ་སྨན་ཞེས་པ་ནི་ནད་སེལ་བའི་བྱེད་ལས་ནུས་སྟོབས་ཡོན་ཏན་རྣམས་མཐུནཔའི་སྨན་རྣམས་ཕྱོགས་གཅིག་ཏུ་བསྡེབས་ནས་ནད་ཀྱི་སྟེང་དུ་གཏོང་བ་ཞིག་ཡིན་པའི་ཆ་ནས། སྦྱར་ཐབས་ཀྱི་རིག་ལམ་ཞིབ་ཅིང་གཏིང་ཟབ་ལ་ཚན་རིག་གི་རང་བཞིན་དང་ལྡན་པ་ཞིག་རེད། ནད་ཐོག་སྐབས་ནད་གསོ་བ་ནི་ལུས་ཀྱི་འབྱུང་ཁམས་འཕེལ་ཟད་དེ་སྤྱི་ཁོག་སྙོམས་སྒྲིག་བྱེད་པ་ཙམ་མིན་པར། ནད་ཁམས་ཀྱི་རྣམ་པ་ནི་ཉེས་པའི་མཚན་ཉིད་འཕེལ་ཟད་འཁྲུགས་པ་དང་། ལྡན་འདུས་ཀྱི་ནད། ནད་ཀྱི་མཚན་ཉིད་རྣམས་ལུས་ཀྱི་འཇུག་སྒོ་དྲུག་ཏུ་ཞུགས་པ་སོགས་རྙོག་འཛིང་ཆེ་བའི་གནས་ཚུལ་ཞིག་ཡིན་པས། དེ་དང་བསྟུན་པའི་སྨན་གྱི་སྦྱར་ཐབས་ཞིག་མེད་ན། ནད་དེ་ཇི་ལྟ་བ་བཞིན་གསོ་ཐུབ་པའི་དམིགས་ཡུལ་དུ་སླེབས་ཐབས་མེད། དེ་ཕྱིར་བོད་ལུགས་གསོ་བ་རིག་པའི་སྨན་ཀྱི་སྦྱར་ཐབས་ལ། སྨན་རྫས་ཀྱི་ནུས་སྟོབས་ཡོན་ཏན་རྣམས་ཉེས་གསུམ་ལྡན་འདུས་སམ་ལུས་ཀྱི་འཇུག་སྒོ་གང་དུ་ཞུགས་པའི་ནད་ཀྱི་སྟེང་དུ་ཁྲིད་པར་བྱས་ཏེ་དམིགས་བྱའི་ནད་སེལ་བ་དང་འབྲེལ། དོན་སྣོད་སོགས་གནས་གཞན་ལ་གནོད་པ་མི་ཡོང་བའི་ཉེན་སྲུང་བ། ནད་གཞི་གཞན་མི་ལྡང་བ། སྦྱོར་སྡེ་ཡི་ནང་དུ་སྨན་གྱི་ནུས་པས་ཕན་ཚུན་ལ་ཤུགས་རྐྱེན་གྱིས་དུག་ཤས་ཆུང་དུ་གཏོང་བ་སོགས་ཀྱི་ཐབས་མཆོག་དུ་མ་ཞིག་ལྡན་ཡོད་པ་རེད། དེ་ཡང་རིན་པོ་ཆེའི་སྨན་གྱི་སྦྱོར་སྡེ་གཅིག་ལ་མཚོན་ན། འཇམ་བཙལ་བའི་ཐབས་སྟེ། སྦྱོར་སྡེ་སྨན་སྣ་ཁ་ཤས་མིན་པར་སྨན་སྣ་མང་པོ་ཕྱོགས་གཅིག་ཏུ་བསྡེབས་ཏེ་སྦྱར་ན། ནུས་པ་རྩུབ་པར་མི་འགྲོ་ཞིང་འཇམ་རྩུབ་ལྕི་ཡང་སོགས་སྨན་སྣ་མང་པོ་འཛོམས་པའི་དགེ་མཚན་གྱིས་སྨན་རྫས་ཕན་ཚུན་ལ་གཞོགས་འདེགས་ཀྱི་ནུས་པས་མགོ་སྙོམས་པའི་ཕན་ནུས་ཐོན་ཐུབ །དཔེར་ན། སྦྱོར་སྡེའི་ཁྲོད་དུ་བཙན་དུག་སྡེབ་སྦྱོར་བྱེད་དགོས་ཚེ་དང་ཐོག་འདུལ་སྦྱོང་བྱས་ཐོག་ད་དུང་དེའི་ཁ་གནོན་དུ་ཨ་རུ་ར་སྡེབ་ནས་བཙན་དུག་གི་དུག་ཤས་ཆུང་དུ་གཏོང་བ་ལྟ་བུ། གསོ་རིག་ཟིན་ཏིག་ལསསྨན་སྣ་མང་བའི་རིགས་རྣམས་འཇམ་ཞིང་ཁེ་ཉེན་ཆུང་བས་ལེགས། ཞེས་གསུངས། སྦྱོར་སྡེའི་ཁྲོད་དུ་མེ་དྲོད་སྐྱེད་པར་བྱེད་པའི་སྨན་གྱིས་ཕོ་བའི་མེ་དྲོད་སྐྱེད་ཅིང་། རིན་པོ་ཆེའི་སྨན་སོགས་འཇུ་དཀའ་བའི་རིགས་ཚུལ་བཞིན་དུ་འཇུ་བར་བྱེད་པའི་གྲོགས་སུ་གྱུར་པས། རིན་པོ་ཆེ་སྨན་གྱི་ནུས་པས་ནད་ལ་ཕན་ཞིང་ལུས་ཟུངས་ལ་མི་གནོད་པ་སོགས་ཉེས་སྐྱོན་སེལ་ཐུབ། ཁ་འཛིན་སྨན་གྱི་ནུས་པས་རིན་པོ་ཆེའི་སྨན་སོགས་སྨན་གཞན་གྱི་ལོག་ནུས་འཇོམས་ཐུབ་པ་དང་། སྨན་གྱི་ནུས་པས་གནས་དང་ནད་གཞིར་གནོད་སྐྱོན་གྱི་ཉེན་སྲུང་བའམ་དུག་ཤས་ཆུང་དུ་གཏོང་ཐུབ་པའི་ཁྱད་ཆོས་སོགས་ལ་བརྟེན་ནས་རིན་པོ་ཆེའི་སྨན་དང་ཡང་ན་སྨན་གཞན་གྱི་དུག་ཤས་འགོག་པའི་ནུས་པ་ཐོན་འདུག

གཉིས་པ། རིན་པོ་ཆེའི་སྨན་གྱི་སྦྱོར་ཚད་བཤད་པ།

བོད་ཀྱི་གསོ་རིག་གཞུང་གི་ནད་བཅོས་པའི་རྩ་དོན་དེ་དུས་གདོན་ཟས་སྤྱོད་བཅས་ནད་ཀྱི་སློང་རྐྱེན་དང་འབྲེལ་ནས་ཟས་སྨན་དཔྱད་ལ་བརྟེན་ནས་ནད་གསོ་བར་བྱེད་ཅིང་། དེ་ཡང་འབྱུང་ལྔའི་ནུས་པ་ལྡན་པའི་སྨན་ཀྱིས་ནད་གསོ་སྐ