བདུད་རྩི་ལྔ་ལུམས་ཀྱི་ལག་ལེན་དང་ཕན་ནུས་སྐོར་རོབ་ཙམ་བཤད་པ།
བསོད་ནམས་འཚོ། རྫ་སྟོད་རྫོང་བོད་སྨན་རྩིས་ཁང་།
ནང་དོན་གནད་བསྡུས། དཔྱད་རྩོམ་འདིས་བོད་ལུགས་གསོ་བ་རིག་པའི་བཅོས་ཐབས་ལག་ལེན་བཅོ་བརྒྱད་ཡོད་པ་ལས་མི་བཟོས་བདུད་རྩི་ལྔ་ལུམས་ཀྱི་གྲུབ་ཆ་དང་བསྙལ་ཐབས། སྡེབ་ལུགས་དང་ཁ་ཚར། ལུམས་སུ་ཞུགས་ཚུལ་སོགས་རང་ཉིད་ཀྱི་ཉམས་མྱོང་ལྟར་བཀོད་ཡོད་པ་མ་ཟད། ལྷག་པར་དུ་ལུམས་སུ་ཞུགས་དུས་ཡི་ག་འཆུས་པ་དང་མགོ་ཡུ་འཁོར་བ། རྔུལ་ཆུ་འབྱམས་པ་སོགས་བླ་གཉན་གྱི་ནད་རིགས་བྱུང་སླ་བ་དག་གི་བསལ་ཐབས་རྣམས་བླ་མའི་ཞལ་ལུང་དང་རང་ཉིད་ཀྱི་མྱོང་བ་ལྟར་བཀོད་ཡོད།
གནད་ཚིག བདུད་རྩི་ལྔ་ལུམས། ལག་ལེན། ཕན་ནུས། དོ་སྣང་བྱ་ཚུལ།
----------------------------------------------------------------------------------
དེ་ཡང་ལུམས་ཞེས་པ་ནི་རྩ་རྒྱུས་སོགས་གྱོང་པོ་རྣམས་བརླན་ཞིང་མཉེན་པར་བྱེད་པའི་ཆ་ནས་དེ་ལྟར་བཏགས་པ་དང་། སྨན་དང་འབྲུ་གཉིས་མཉམ་དུ་བཙོས་ནས་ཕབས་རྩི་སྦྱར་ཏེ་ལངས་པའི་ཁུ་བ་དྲོད་འཇམ་བསྲོས་པའི་ནང་ཉལ་ཏེ་དཔྱད་བྱ་བའི་ཐབས་ཀྱི་མིང་། དེ་ལའང་རང་བྱུང་དང་མི་བཟོས་གཉིས་མཆིས་པས་བདུད་རྩི་ལྔ་ལུམས་ནི་ཕྱི་མའོ།། འདིར་ཁོ་མོས་མི་བཟོས་བདུད་རྩི་ལྔ་ལུམས་ཀྱི་གྲུབ་ཆ་དང་བསྙལ་ཐབས། སྡེབ་ལུགས་དང་ཁ་ཚར། ལུམས་སུ་ཞུགས་ཚུལ་སོགས་རང་ཉིད་ཀྱི་ཉམས་མྱོང་ལྟར་བཀོད་ཡོད་པ་མ་ཟད། ལྷག་པར་དུ་ལུམས་སུ་ཞུགས་དུས་ཡི་ག་འཆུས་པ་དང་མགོ་ཡུ་འཁོར་བ། རྔུལ་ཆུ་འབྱམས་པ་སོགས་བླ་གཉན་གྱི་ནད་རིགས་བྱུང་སླ་བ་དག་གི་བསལ་ཐབས་རྣམས་བླ་མའི་ཞལ་ལུང་དང་རང་ཉིད་ཀྱི་མྱོང་བ་ལྟར་བཀོད་ཡོད།
གཅིག བདུད་རྩི་ལྔ་ལུམས་ཀྱི་གྲུབ་ཆ་དང་བསྙལ་ཐབས།
༡ གྲུབ་ཆ་གཙོ་བོ། བདུད་རྩི་ལྔ་སྟེ། ཤུག་པ་དང་། བ་ལི། མཁན་པ། མཚེ། འོམ་བུ་དང་ལྔའོ།། དེ་དག་ཡང་ནད་རྟགས་དང་སྨན་སོ་སོའི་ནུས་པ་རྣམས་ཕན་ཚུན་སྦྱར་ནས་བེད་སྤྱོད་བྱ་དགོས་སྟེ། ཤེལ་ཕྲེང་ལས། ཤུག་པས་མཁལ་ཚད་ལྷོག་པ་འཇོམས།། བ་ལིས་བད་རླུང་གྲང་བ་སེལ་བར་བྱེད།། མཁན་པས་ཁྲག་གཅོད་ཡན་ལག་སྐྲངས་པ་འཇོམས།། མཚེ་ལྡུམ་རྩ་ཡི་ཁྲག་གཅོད་མཆེར་ཚད་སེལ།། འོམ་བུས་ཤ་དུག་རུས་དུག་རྙིང་ཞེན་སེལ།། ཞེས་པ་ལྟར། ནད་རྟགས་དང་སྦྱར་བར་བྱའོ།།
༡༽ བདུད་རྩི་ལྔ་ལུམས་ཀྱི་བསྙལ་ཐབས། ཐོག་མར་བདུད་རྩི་ལྔ་བོ་དུམ་བར་བཅད་ནས་ལེགས་པར་སྐེམ་རྗེས་དགོས་མཁོ་དང་བསྟུན་ནས་སླ་ང་ཆེན་པོའི་ནང་དུ་བདུད་རྩི་ལྔ་སོ་སོར་ཆོབས་པར་བཙོས། བར་དུ་བཙོས་པའི་སྨན་རྫས་དང་ཕབས་ཉུང་ངུ་ཙམ་མཉམ་དུ་བསྲེས་སྟེ་རྫ་མར་ལྡུག་པ། ཐ་མར་སྨན་གྱི་སྟེང་དུ་ཆང་རྒྱ་མ་དོ་ཙམ་བླུགས་ཏེ་ཁ་དམ་པོར་གབ་ནས་དྲོད་སར་ཆང་ལྟར་བསྙལ་དགོས། དབྱར་དུས་ཚ་ངར་ཆེ་བས་ཁང་བའི་ནང་དུ་ཉིན་ཞག་དྲུག་ཙམ་ལ་འཇོག་པ་དང་། དགུན་དུས་སུ་གྲང་ངར་ཆེ་བས་ཚ་ཐབ་ཀྱི་སྟེང་དུ་ཉིན་ཞག་ལྔ་ཙམ་ལ་འཇོག་དགོས།
༢༽སྨན་རྫས་དེ་རྣམས་ཚོས་བའི་ཚད་ནི། ཤུག་པ་ཕལ་ཆེར་ཆུ་ཚོད་སྐར་མ་བདུན་ཙམ་གདུས་དེ་ལག་པས་དེར་རེག་སྐབས་ཚེར་མས་མི་གཙགས་པའི་དུས་སུ་ཕྱིར་བླངས་པར་ཆོག བ་ལི་དང་འོམ་བུ་གཉིས་ནི་སྡོང་པོའི་རིགས་ཡིན་པས་ཕལ་ཆེར་ཆུ་ཚོད་སྐར་མ་བཅུ་ཐམ་པ་ནས་བཅོ་ལྔ་ཙམ་ལ་བཙོས་ནས་ལག་པས་དེ་གཉིས་ཇི་བཞིན་དུ་གུག་ནུས་པའི་སྐབས་སུ་ཚོས་ཚད་ལ་སླེབས་པ་ཡིན། མཁན་པ་དང་མཚེ་ལྡུམ་གཉིས་ཕལ་ཆེར་ཆུ་ཚོད་སྐར་མ་ལྔ་ཙམ་ལ་བཙོས་པས་ཆོག གལ་ཏེ་དེ་ལས་ཡུན་རིང་པར་བཙོས་ན་ཆད་པར་འགྱུར་རོ།།
༣༽བསྙལ་ནས་ལངས་པའི་ཚད་ནི། སྨན་རྣམས་བསྙལ་ནས་ཉིན་བདུན་ཙམ་འདས་རྗེས་སྨན་རྫས་ཀྱི་ཁྲོད་དུ་ལུག་བལ་ལྟ་བུའི་དཀར་པོ་ཆགས་པ་དང་དྲི་ཞིམ་ཐུལ་བའི་སྐབས་སུ་སྨན་རྫས་འདི་དག་ཕྱིར་བླངས་ནས་སླར་ཡང་སྐེམ་དགོས།
༢ གྲུབ་ཆ་ཕལ་བ། གྲུབ་ཆ་ཕལ་བ་ཞེས་པ་ནི་ལུམས་ཆུའི་ནང་དུ་ཁ་ཚར་དུ་སྦྱར་བའི་སྨན་རྫས་རྣམས་ལ་བྱ། དེ་ལ་རྩ་བ་ལྔ་དང་ཆུ་སེར་སྨན་གསུམ། འདི་གཉིས་ཞིབ་པར་འཐག་དགོས། རུས་པ་སྣ་ཚོགས་ཆུ་ནང་དུ་ཡང་ཡང་གདུས་ཏེ་ཆུ་ཁར་ཆགས་པའི་ཞག་རྣམས་དོར་དགོས། དུག་མེད་པའི་མེ་ཏོག་ཚོགས་ཚད། རྡོ་སོལ། གླ་རིལ། བྲག་ཞུན། མུ་ཟི་སེར་པོ། ཙན་ཏན་དཀར་དམར། མེ་ཏོག་གངས་ལྷ། ཨ་ག་རུ་དང་ཅོང་ཞི་ལ་སོགས་ནད་རྟགས་དང་བསྟུན་ནས་ཁ་ཚར་དུ་སྦྱར་པར་བྱའོ།། ཁ་ཚར་དུ་སྦྱར་བའི་སྨན་རྫས་དེ་རྣམས་ཀྱི་ནུས་པ་རགས་ཙམ་བཤད་པ་ནི། ཤེལ་ཕྲེང་ལས། ལྕ་བས་ཆུ་སེར་མཁལ་རྐེད་གྲང་བ་སེལ།། ར་མཉེ་ཉེ་ཤིང་ཚེ་བསྲིང་ཆུ་སེར་སེལ།། ཨཤོ་གནྔྷས་སྨད་གྲང་ཆུ་སེར་སེལ།། གཟེ་མས་གཅིན་སྲི་གྲུམ་བུ་མཁལ་ནད་སེལ།། སྤོས་དཀར་ཆུ་སེར་སེལ་ཞིང་སྐེམ་པར་བྱེད།། སོ་མ་ར་ཛས་པགས་ནད་ཆུ་སེར་སེལ།། ཙན་དན་དམར་པོ་ཁྲག་གི་ཚད་པ་སེལ།། བྲག་ཞུན་ཕོ་མཆིན་མཁལ་ཚད་སེལ་བར་བྱེད།། ཅོང་ཞི་འཁྲུ་གཅོད་བད་ཀན་ཚ་བ་སེལ།། རྡོ་སོལ་རྡོ་རྣམས་འཇུ་ཞིང་རྩ་ཁ་སྡོམ།། གླ་རིལ་ལུམས་ཀྱི་རྩ་ནད་སྤྱི་དང་ནི།། ཚ་བ་གབ་པའི་གཟེར་རིགས་ཀླད་བབས་དང་།། བྱང་ཁོག་རྨ་ལ་ཕན་པར་བྱེད་པ་ཡིན།། ཞེས་པའོ།
གཉིས། བདུད་རྩི་ལྔའི་སྡེབས་ཚུལ་དང་ལུམས་སུ་ཞུགས་ཚུལ།
༡ནད་རྟགས་དང་བསྟུན་ནས་སྨན་སྡེབས་ཚུལ། དེ་ལའང་གཉིས་ཏེ། བདུད་རྩི་ལྔ་ཡི་སྡེབས་ཚུལ་དང་ཁ་ཚར་གྱི་སྡེབས་ཚུལ་གཉིས་སོ།།
༡༽བདུད་རྩི་ལྔ་ཡི་སྡེབས་ཚུལ། བདུད་རྩི་ལྔ་བོ་ཡང་ནད་རིགས་ཀྱི་མངོན་ཚུལ་དང་ནད་པའི་ཟུངས་སྟོབས་སོགས་ལ་གཞིགས་ནས་བེད་སྤྱོད་བྱ་དགོས།༼འདི་ཡང་གོང་དུ་བཤད་པའི་བདུད་རྩི་ལྔའི་སོ་སོའི་ནུས་པ་དང་ནད་རྟགས་གཉིས་སྦྱར་ནས་སྡེབས་པ་ཡིན༽
ཀ སྤྱིར་བཏང་དུ། བ་ལི་དང་འོམ་བུ་གཉིས་རྒྱ་མ་དོ་དང་སྲང་ལྔ༼འདི་གཉིས་ལྗིད་ཚད་མཐོ་ལ་བོངས་ཆུང་བས་སོ།༽ མཚེ་ལྡུམ་དང་ཤུག་པ་མཁན་པ་གསུམ་རྒྱ་མ་དོ་ཙམ་༼འདི་གསུམ་གྱི་ལྗིད་ཚད་དམའ་ལ་བོངས་ཆེ་བས་སོ།།༽སྡེབས་པ།
ཁ བྱེ་བྲག་ཏུ། དྲེག་གྲུམ་དང་ཡན་ལག་སྐྲངས་པ། རུས་ཚིགས་ལ་ན་ཟུག་ཆེ་བར་མཁན་པ་དང་འོམ་བུ་གཉིས་བདུད་རྩི་གཞན་དག་ལས་སུམ་ཆ་གཅིག་གི་མང་དུ་སྡེབས་པ། མཁལ་རྐེད་ན་བ་དང་ན་ཟུག་འཕོ་འགྱུར་བྱེད་པ་ལ་ཤུག་པ་དང་བ་ལི་གཉིས་སྨན་རྫས་གཞན་དག་ལས་བཞི་ཆའི་གཅིག་གི་མང་དགོས། པགས་ནད་རིགས་ལ་བདུད་རྩི་ལྔ་པོ་ཆ་མཉམ་དུ་སྡེབས་པ། རུས་འབྲས༼རུས་པ་དང་ཤ་གདན་རྣམས་གཉན་ཚད་རྒྱས་ནས་རྨ་བཟོས་ཤིང་རྣག་ཁྲག་བཞུར་བ་དེ་ལ་བྱ།༽ལ་འོམ་བུ་དང་བ་ལི་གཉིས་སྨན་རྫས་གཞན་དག་ལས་སུམ་ཆའི་གཅིག་གི་མང་དུ་སྡེབས་དགོས་སོ།།
༢༽ ཁ་ཚར་སྨན་རྫས་ཀྱི་སྡེབས་ཚུལ། སླེ་ཏྲེས༠༥༠ སེ་རྒོད༠༥༠མཛོ་མོ་༠༥༠ གཟའ་དུག་དཀར་ནག༠༣༠ ཙན་དན་དཀར་དམར༠༢༠ བྱ་རྒོད་སུག་པ༠༥༠ འབྲས་བུ་གསུམ༠༣༠ མུ་ཟི་སེར་པོ་༠༣༠ སྡིག་པ་རྭ་ཙ་༠༡༠ དར་འབུ༠༡༠ སེ་ཡབ༠༣༠ འབྲུག་རུས༠༣༠ ཉ་ཕྱིས་༠༣༠ འབྲི་ཏ་ས་འཛིན༠༣༠ བ་ཤ་ག༠༥༠ བུ་ཏོག་༠༣༠ ཛ་ཏི༠༡༠ ཤུག་འབྲུ ༠༥༠ ཅོང་ཞི ༠༣༠ ཆང་ཕབ་༡༠༠ སྐྱེར་ཤུན ༠༥༠ ལུས་སྟོད་དུ་ཁྲག་རྒྱས་པས་༼ཁྲག་རླུང་སྟོད་འཚང་ལྟ་བུ༽ན་ཟུག་ཆེན་པོ་ལངས་པ་ལ་ཙན་དན་དཀར་དམར་དང་ཧོང་ལེན་ཨ་ག་རུ་སྦྱོར་རྒྱུ། གྲང་ཤས་ཆེ་བའམ་མ་ཞུ་པའི་ནད་རིགས་ལ་ཅོང་ཞི་དང་ཚ་བ་གསུམ་ལ་སོགས་སྡེབས་པ། ཆུ་སེར་ཤས་ཆེ་བའི་ནད་རིགས་དང་པགས་ནད་ལ་ཆུ་སེར་སྨན་གསུམ་དང་། སེང་ལྡེང་གུ་གུལ་ནག་པོ་མུ་ཟི་སེར་པོ་ཁ་ཚར་དུ་འདེབས་དགོས། རྩ་དཀར་གྱི་ནད་རིགས་ལ་གླ་རྩི༼མ་རྙེད་ན་ཁྱུང་ལྔའི་རིལ་བུའམ་གླ་རྩིའི་པགས་ཤུན༽དང་། གླ་རིལ་ལམ་རི་བོང་རིལ་མ་དང་། རྩ་བ་ལྔ་ལ་སོགས་པ་སྦྱར་བ། མགོ་ཡུ་འགོར་བ་དང་སེམས་འཚུབ་བའི་ནད་དམིགས་འཕོ་འགྱུར་བྱེད་པའམ་ན་ཟུག་ལྡང་དུབ་བྱེད་པ་ལ་སོགས་རླུང་ཤས་ཆེ་བའི་ནད་རིགས་ལ་རུས་པ་སྣ་ཚོགས་དང་ཨ་ག་རུ་གཉིས་ལུམས་ཆུའི་ནང་དུ་སྡེབས་ནས་གདུས་དགོས། རྔུལ་ནག་འདོན་པ་དང་ཚ་བ་ཐོར་བུ་ཡོད་པའི་ནད་རིགས་ལ་མེ་ཏོག་གངས་ལྷ་དང་མཚེ་ལྡུམ་གྱི་རྩ་བ་སྦྱོར་བ། རུས་འབྲས་ལ་ཙན་དན་དཀར་དམར་དང་སེང་ལྡེང་མུ་ཟི་སེར་པོ་མེ་ཏོག་གངས་ལྷ་སོགས་ཁ་ཚར་དུ་བསྣན་ན་ཕན་སྐྱེད་ཆེན་པོ་བྱུང་བ་ཡིན་ནོ།།
༣༽ལུམས་སུ་ཞུགས་ཚུལ། གོང་དུ་སྡེབས་པའི་སྨན་རྫས་རྣམས་རས་ཁུག་གི་ནང་དུ་བསྡུས་ནས་ལུམས་ཆུ་བསྐོལ་བྱེད་ཀྱི་སླ་ང་ཆེན་པོའི་ནང་དུ་གདུས་ཏེ། ཁོལ་བའི་རྗེས་སུ་ཆུ་ཚོད་སྐར་མ་བཅུ་ཙམ་གདུས་ནས་ལུམས་ཆུ་དེ་ཇ་མདོག་ལྟ་བུ་གྱུར་བའི་སྐབས་སུ་ཚད་ལ་སླེབས་པ་རེད། དེ་ནས་ལུམས་ཆུ་ལྕགས་གཞོང༼ལུས་ཕུང་བཀྲུ་བྱེད་ཀྱི་ལྕགས་གཞོང་ནར་མོ་དེ་དགོས།༽་དུ་དྲངས་སྟེ་དྲོད་ཚད་ངེས་ཅན་ཞིག་ལ་སླེབས་པའི་སྐབས་སུ་ནད་པ་གཅེར་བུར་བྱས་ནས་ལྕགས་གཞོང་ནང་དུ་གན་རྐྱལ་དུ་ཉལ་དགོས། ༼ལུམས་ཆུ་སྙིང་གར་སླེབས་མི་རུང་།༽དེ་ནས་ཤེལ་ཕྲེང་ལས། སྟེང་ནས་གོས་བྱིབས་རླངས་བ་གཏུམས།། རྔུལ་འདོན་ཡང་ཡང་བསྐྱར་བར་བྱ།། དུག་སྨུག་རྙིང་ཚད་རྙོགས་ལ་སོགས།། ཞེན་ཅན་འདོན་པའི་འཕྲུལ་ཆུ་ཡིན།། ཞེས་གསུངས་པ་ལྟར་ལྕགས་གཞོང་གི་སྟེང་དུ་བལ་གདན་ནམ་སྨྱུག་གདན་ལ་སོགས་ཀྱིས༼རླངས་པ་ཕྱིར་མི་ཤོར་བར་བྱེད།༽་གབ་ནས་ལུས་ཀྱི་རྔུལ་ཆུ་ཕྱིར་དབྱུང་པར་བྱ་སྟེ། ཆུ་སེར་ལ་སོགས་ནད་དུག་རྣམས་རྔུལ་ཆུ་དང་མཉམ་དུ་ཕྱིར་དོན་པ་ཡིན།
ཀ སྤྱིར་བཏང་དུ། ལུམས་སུ་ཞུགས་པའི་དུས་ཡུན་དང་ལུམས་ཆུའི་དྲོད་ཚད་གཉིས་ནི་ཉིན་དང་པོ་ནས་བཞི་བའི་བར་དུ་སྐས་ཤིང་ཡར་འཛེག་ལྟ་བུ་རིམ་བཞིན་ཇེ་མཐོར་གཏོང་བ་དང་། ཉིན་གྲངས་ལྔ་བ་ནས་བདུན་གྱི་བར་དུ་ཡང་སྐས་ཤིང་མར་བབས་ལྟ་བུ་རིམ་བཞིན་ཇེ་དམའ་རུ་བཏང་ནས་ཉིན་དང་པའི་དྲོད་ཚད་ལ་སླེབས་སུ་འཇུག་དགོས། དེར་བལྟ་ཀློག་བདེ་བའི་ཆེད་དུ་རེའུ་མིག་བཀོད་པ་གཤམ་གསལ་ལྟར།
ཉིན་གྲངས། | དང་པོ། | གཉིས་པ། | གསུམ་པ། | བཞི་བ། | ལྔ་བ། | དྲུག་པ། | བདུན་པ། |
དུས་ཡུན། | ༡༠ནས་༡༣ | ༡༣ནས་༡༥ | ༡༥ནས་༢༠ | ༢༠་ནས་༢༥ | ༢༥་ནས་༢༠ | ༢༠་ནས་༡༥ | ༡༥ནས་༡༠ |
དྲོད་ཚད།ཏུའུ | ༣༨ནས༣༩ | ༣༩ནས་༤༠ | ༤༢ནས་༤༤ | ༤༤ནས་༤༦ | ༤༥ནས་༤༣ | ༤༣ནས་༤༠ | ༤༠ནས་༣༨ |
དེ་མིན་དུས་ཡུན་དང་དྲོད་ཚད་གཉིས་ཡང་ནད་པའི་ཟུངས་སྟོབས་དང་ནད་རིགས་ཀྱི་ངོ་བོ་གཉིས་ལ་གཞིགས་ནས་གཏན་འཁེལ་བྱ་དགོས་ཏེ། ནད་པའི་ཟུངས་སྟོབས་བཟང་ལ་ལོ་ཚོད་དར་ལ་བབས་པ། ནད་སྟོབས་ཆེ་བ་དང་། ཡང་ན་བད་རླུང་རང་བཞིན་གྱི་ནད་པ་ལ་ལུམས་སུ་ཞུགས་བའི་དུས་ཡུན་རིང་ཞིང་དྲོད་ཚོད་ཡང་མཐོ་དགོས། དེ་ལས་ལྡོག་སྟེ། ནད་པའི་ཟུངས་སྟོབས་ཞན་པའམ་ལོ་ཚོད་རྒས་པ། ནད་སྟོབས་ཆུང་བ་དང་། ཡང་ན་མཁྲིས་པའི་རང་བཞིན་གྱི་ནད་པ་ལ་གོང་ལས་ལྡོག་པར་བྱ་དགོས།
ཁ དམིགས་བསལ་དུ། ནད་པའི་གནས་ཡུལ་དང་བསྟུན་ནས་དྲོད་ཚད་འཕྲི་སྣོན་བྱ་དགོས། དེ་ཡང་ནད་པ་འཚོ་བ་རོལ་བའི་ས་གནས་ཀྱི་མཐོ་ཚད་༼རྒྱ་མཚོའི་ངོས་ལས་མཐོ་ཚད་དོ༽མི་འདྲ་བའི་རྐྱེན་གྱིས་དྲོད་ཚད་ལ་ཡང་མི་འདྲ་བར་བྱ་སྟེ། ས་གནས་ཀྱི་མཐོ་ཚད་དམའ་བའི་ས་ཁུལ་ནས་ཡོང་བའི་ནད་པ་རྣམས་ཚ་ངར་ལ་གོམས་ཡོད་པ་མ་ཟད། ཚ་ངར་ལ་བཟོད་བསྲན་ཡང་ཆེ་བས་དྲོད་ཚད་མཐོ་ན་ཡང་གནོད་སྐྱོན་མི་བྱུང་། ས་གནས་ཀྱི་མཐོ་ཚད་མཐོ་བའི་ས་ཁུལ་ནས་ཡོང་བའི་ནད་པ་རྣམས་མཁའ་དབུགས་ཞན་ཞིང་གྲང་ངར་ལྡང་བ་ལ་གོམས་འདྲིས་ཡོད་པས་ཚ་ངར་ལ་བཟོད་བསྲན་ཆུང་བས་དྲོད་ཚད་མཐོ་བའི་སྐབས་སུ་སྙིང་གི་གཡུགས་ཤུགས་ཆེ་རུ་ཕྱིན་པ་དང་ཚ་བ་སྐྱེས་པ་ལ་སོགས་བླ་གཉན་གྱི་ནད་རྟགས་སྣ་ཚོགས་བྱུང་བས་དྲོད་ཚད་ཅུང་དམའ་དགོས།
གསུམ། ལུམས་བཅོས་སྐབས་སུ་དོ་སྣང་བྱ་དགོས་བའི་དོན་ཚན་འགའ།
༡ སྤྱིར་བཏང་དུ། ལུམས་བཅོས་བྱ་བའི་གོ་རིམ་ཁྲོད་དུ་རྔུལ་ཆུ་མང་བོ་བཏོན་པས་ཟུངས་སྟོབས་ཟད་པ་དང་ལུས་ཁམས་ཉབ་ཉོབ་དུ་གྱུར་བས་ངེས་པར་དུ་ཤ་ཁུ་སོགས་བཅུད་ཟས་རིགས་ཀྱིས་ལུས་ཟུངས་གསོ་དགོས། དེ་མིན་ལུམས་བཅོས་བྱ་བའི་སྐབས་དང་། སྨན་ཁང་ནས་ཕྱིར་བུད་རྗེས་ཀྱི་ཉིན་བདུན་ཙམ་ལའང་གོས་དྲོད་པོ་གྱོན་དགོས། ཕག་ཤ་དང་སྔོ་ངད་ལ་སོགས་ནུས་པ་ལྕི་ཞིང་ངོ་བོ་བསིལ་བའི་ཟས་རིགས་དང་། དྲག་ཤུལ་གྱི་ལས་དང་ཉལ་པོ་སྤྱོད་རྒྱུ་སོགས་ངེས་པར་དུ་སྤང་དགོས།
༢ བྱེ་བྲག་ལུམས་བཅོས་ཀྱི་སྐབས་སུ་བླ་གཉན་ནད་དང་དེའི་བཅོས་ཐབས།
༡༽རྔུལ་ཆུ་འབྱམས་པ། སྤྱིར་བཏང་དུ་རྔུལ་ཆུ་འབྱམས་པའམ་དབྱུང་བ་ནི་དྲོད་ཁམས་ཀྱི་ནད་རོ་སྙིགས་མ་ཕྱིར་འདོན་ཡིན་ཡང་། དེ་ཡང་ལུམས་སུ་ཞུགས་པའི་འགྲོས་དང་བསྟུན་ནས་རྔུལ་ཆུ་ཕྱིར་དབྱུང་འགྲིག་མོད། དེ་མ་ཡིན་པར་ལུམས་རྗེས་སུ་ཆུ་ཚོད་ཕྱེད་ཀ་འདས་རྗེས་ད་དུང་མ་ཆད་ན་རྩམ་པ་དང་། ཨ་གར་བརྒྱད་པ་དང་ཨ་གར་སོ་ལྔ། ཤིང་ཀུན་ཉེར་ལྔ་སོགས་མར་རྙིང་ངམ་ཕག་ཚིལ་སོགས་ལ་སྦྱར་ནས་ནད་གཞིར་གཞིགས་ཏེ་གང་འཚམ་གྱི་བྱུག་རྒྱུ། ཡང་ན་སྐྱུ་རུ་དང་ཨུཏྤལ་གཉིས་འཐག་པའི་ཕྱེ་མ་མར་གསར་བསྲེས་ནས་ལུས་ཕྱིར་བྱུག་པ།
༢༽སྙིང་གཡུགས་ཆེ་བ་དང་དབུགས་འདེགས་པ། འདི་ནི་ལུས་ཕུང་ལུམས་ཆུར་གན་རྐྱལ་དུ་ཉལ་པའི་སྐབས་སུ་སྙིང་གི་རྒྱུན་ལྡན་གྱི་གནས་སྟངས་ལ་འགྱུར་ལྡོག་བྱུང་བ་དང་། ལུམས་ཆུའི་གནོན་ཤུགས་ཀྱིས་སྙིང་གར་མར་མནན་པ་དང་། ཡང་ན། རྩ་ཆུ་ཌྰིཀ་ལས། གདགས་བསྲིབས་དབུགས་ཀྱི་ངེས་ཚིག་གསུངས་པ་ལྟར་ལུམས་ཆུས་ཁོང་བའི་དྲོད་འབར་བས་དབུགས་རྒོད་བར་གྱུར་བ་དང་། ཁྲག་གི་འཁོར་རྒྱུགས་མྱུར་དུ་གྱུར་བ་སོགས་ཀྱིས་སློང་བ་ཡིན། སྐབས་འདིར་ནད་པ་ལུམས་ཆུའི་ནང་དུ་ཙོག་པར་འཇུག་པ་དང་། ཡང་ན་ལུམས་སུ་ཞུགས་མཚམས་བཞག་ནས་ཉིད་ཕྱེད་ཙམ་ངལ་གསོ་བྱེད་དགོས། མགོ་ཡི་འདུས་བསྲུངས་གསུམ་དང་དཀར་ནག་མཚམས་ལ་སོགས་རླུང་གསང་རྣམས་མར་རྩམ་བྱུག་ནས་ཕུར་མཉེ་བྱེད་པའམ་མེ་བཙའ་གདབ་པ། ཁོང་དུ་བི་མ་ལ་དང་། སྲོག་འཛིན་བཅུ་གཅིག བྱུ་དམར་བདུན་ཅུ་ལ་སོགས་འབྲེལ་ཡོད་སྨན་སྦྱོར་གཏོང་དགོས།
༣༽ མགོ་ཡུ་འཁོར་བ། མགོ་ཡུ་འཁོར་བ་ནི་ལུམས་བཅོས་སྐབས་སུ་རྔུལ་ཆུ་མང་པོར་དོན་པ་དང་ཟུངས་སྟོབས་ཞན་པར་གྱུར་བ། ཡང་ན་ལྕགས་གཞོང་དུ་ཉལ་པས་ཀླད་པར་གནས་སྐབས་རང་བཞིན་གྱི་ཟུངས་ཁྲག་ཞན་པ་སོགས་ཀྱིས་བསླངས་པ་རེད། འདི་ལ་མྱུར་དུ་མགོའི་འདུས་བསྲུང་གསུམ་ལ་ཕུར་མཉེ་བྱེད་པའམ་མེ་བཙས་བསྲེག་པ། ཁོང་དུ་མར་རྩམ་སློ་མོ་གཏོང་བ་དང་། སྨན་དུ་ཛྰ་ཏི་སུམ་ཐང་དང་མུ་ཏིག་ཉེར་ལྔ་སོགས་རླུང་གནོན་བྱེད་ཀྱི་སྨན་སྦྱོར་གཏོང་བ། ཉིན་འགར་ལུམས་སུ་མི་ཞུགས་པར་ངལ་གསོ་བྱེད་པ་དང་། ཡང་ན་དུས་ཡུན་ཇེ་ཐུང་དང་དྲོད་ཚད་ཇེ་དམའ་རུ་གཏོང་བ་སོགས་ཀྱིས་ཐབས་ཤེས་ལ་བསྟེན་དགོས།
༤༽མཁྲིས་ཚད་སྐྱེས་པ། ཚ་བའི་རང་བཞིན་གྱི་ལུམས་ཆུ་དེ་ཡིས་ལུས་སྟེང་དུ་གནས་བའི་ཚ་རྣོ་སོགས་མཚན་ཉིད་བདུན་ལྡན་གྱི་མཁྲིས་པ་རྣམ་འགྱུར་ཏེ་སྣོད་མཁྲིས་ཁ་ཤོར་བ་ལས་སློང་བ་རེད། དེར་མྱུར་དུ་ལུམས་སུ་ཞུགས་མཚམས་འཇོག་པ་དང་། ཁོང་དུ་བོང་དཀར་བཅུ་གསུམ། སྨན་ནག་ཆེན་མོ། ག་བུར་ཉེར་ལྔ་སོགས་འབྲེལ་ཡོད་ཀྱི་སྨན་སྦྱོར་བསྟེན་པ། དེས་མ་སེལ་ན་ཚ་བ་གཅོད་བྱེད་ཀྱི་སྨན་ཁབ་རྒྱག་དགོས། ཤ་མར་ལ་སོགས་སྣུམ་བག་ཅན་གྱི་ཟས་རིགས་དང་དྲག་ཤུལ་གྱི་ལས་སྤང་བར་བྱའོ།།
༥༽ཁོག་པ་བཤལ་བ། ཁོག་པ་བཤལ་བ་ནི་གོང་དུ་བཤད་པའི་མཁྲིས་ཚད་དེར་རྒྱུ་མར་བབས་པའམ་ཟས་སྤྱོད་མི་འཕྲོད་པ་སོགས་ཀྱི་བསླངས་པ་རེད། དེར་སྨན་སྦྱོར་མཁྲིས་ཕྱེ་བདུན་པ། ཨིནྡྲ་བཞི་ཐང་། བྲག་ཁྱུང་། དྭགས་པོ་སྨན་ནག་སོགས་གཏོང་བ། ཁྲག་བཤལ་བའི་སྐབས་སུ་སྐྱེར་ཤུན་བརྒྱད་པ་བསྟེན་པ། དཔྱད་དུ། རྒྱུ་སྟོད་རྒྱུ་སྨད་དུ་མེ་བཙའ་གདབ་པ། དེས་མ་སེལ་ན་རྒྱ་སྨན་འཁྲུ་བ་གཅོད་བྱེད་ཀྱི་སྨན་ཁབ་རྒྱག་པ་སོགས་ཀྱི་ཐབས་ཤས་བེད་སྤྱོད་བྱས་ཏེ་མྱུར་དུ་གསོ་བཅོས་བྱ་དགོས། ཕག་ཤ་དང་སྔོ་ངད་ལ་སོགས་ལྕི་ཞིང་བསིལ་བའི་ཟས་རིགས་ཟ་མི་རུང་།
༦༽ཡི་ག་འཆུས་པ། ནད་པ་ཁ་ཤས་ཐོག་མར་ལུམས་སུ་ཞུགས་སྐབས་ལུམས་ཆུའི་དྲི་མ་ལ་མ་གོམས་པ་དང་། ཡང་ན་མཁྲིས་ཚད་སྐྱེས་པ་སོགས་ཀྱིས་ཡི་ག་འཆུས་པ་དང་། ཚ་བ་ཐོར་བུ་སྐྱེས་པ་སོགས་ཀྱི་མངོན་ཚུལ་བྱུང་། དེ་ལ་བོང་དཀར་བཅུ་གསུམ་དང་སེ་འབྲུ་ལྔ་བ་སོགས་མཁྲིས་པ་སེལ་བྱེད་དང་ཡི་ག་འབྱེད་བྱེད་ཀྱི་སྨན་སྦྱོར་གཉིས་ཁྱེའུ་ཟས་ཀྱི་ཚུལ་དུ་བསྟེན་དགོས།
དཔྱད་གཞི་ཡིག་ཆ།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་། བོད་ལུགས་གསོ་བ་རིག་པའི་ཚིག་མཛོད་ཆེན་མོ། མི་རིགས་དཔེ་བསྐྲུན་ཁང་།
དེའུ་དམར་བསྟན་འཛིན་ཕུན་ཚོགས། དྲི་མེད་ཤེལ་གོང་ཤེལ་ཕྲེང་། མི་རིགས་དཔེ་བསྐྲུན་ཁང་།