གྷི་ཝཾ་དགུ་པས་ཁྲག་རླུང་ནད་ལ་སྨན་བཅོས་བྱས་པའི་ཕན་འབྲས།
ཕུར་བུ་བཀྲ་ཤིས། བོད་ལྗོངས་གསོ་རིག་སློབ་ཆེན་ཞིབ་འཇུག་སློབ་མ།
ཉི་མ་ཚེ་རིང་། མངའ་རིས་ས་ཁུལ་སྨན་རྩིས་ཁང་།
ནང་དོན་གནད་བསྡུས། ཁྲག་རླུང་ནད་འདི་བོད་ན་མང་བ་དང་། ད་ཡོད་བོད་ལུགས་སྨན་སྦྱོར་ཉུང་བས། རང་གི་ཉམས་མྱོང་ལས་གྷི་ཝཾ་དགུ་པས་ཁྲག་རླུང་ནད་ལ་ཕན་ཚུལ་སྨན་རྫས་དབྱེ་ཞིབ་ཀྱི་ལུགས་དང་། ཁྲག་རླུང་ནད་ཀྱི་ངོ་བོ་སོགས་དང་བསྡུར་ནས་ནད་གང་དེར་ཕན་འབྲས་ཐོན་ཚུལ་ར་སྤྲོད་བྱས་ཡོད།
གནད་ཚིག གྷི་ཝཾ་དགུ་པ། ཁྲག་རླུང་། རླུང་ཁྲག་འཕེལ་འཁྲུག
----------------------------------------------------------------------------------
ནད་ཀྱི་རྩ་བ་འཇོམས་དཔའ་བའི། །
སྨན་པའི་གཙོ་དེར་ཕྱག་འཚལ་ནས། །
གྷི་ཝཾ་དགུ་པས་ཁྲག་རླུང་ལ། །
སྨན་པའི་ཚུལ་འདིར་ཅུང་ཟད་བརྗོད། །
དེ་ཡང་ས་པཎ་གྱིས། དངོས་པོ་ངེས་བསྟན་དེ་ཡི་སྒོ།། ཞེས་གསུངས་པ་ལྟར་མཆོད་པར་བརྗོད་པ་དང་རྩོམ་པར་དམ་བཅའི་བའི་ཚིག་གིས་མདུན་བསུས་ནས་དེ་ཡང་འདིར་བརྗོད་པར་བྱ་བ་ནི་གཞུང་ལུགས་ལྟར་ན་གྷི་ཝཾ་དགུ་པས་ཁྲག་རླུང་ནད་ལ་ཕན་འབྲས་ཡོད་པའི་སྐོར་ཅུང་ཟད་གླེང་བར་དང་པོ་རྩོམ་ཡིག་འབྲི་བའི་དམིགས་ཡུལ་དང་། གཉིས་པ་གྷི་ཝཾ་དགུ་པའི་སྨན་སྦྱོར་ལ་དཔྱད་པ། གསུམ་པ་དེས་ཁྲག་རླུང་ནད་ལ་ཕན་དགོས་པའི་རྒྱུ་མཚན། བཞི་པ་ཞར་བྱུང་ཁྲག་རླུང་ངམ་ཁྲག་རླུང་སྟོད་འཚངས་ནད་དང་དེང་དུས་ཀྱི་ཁྲག་ཤེད་མཐོ་བའི་ནད་གཅིག་པར་འཛིན་ན་འཐད་མིན་བཅས་ས་བཅད་བཞི་ཡིས་བསྟན་པར་བྱ་སྟེ།
དང་པོ རྩོམ་ཡིག་འབྲི་བའི་དམིགས་ཡུལ།
ཁྲག་རླུང་ནད་འདི་ནི་རང་ཅག་མཐོ་བོད་ས་མཐོར་ཧ་ཅང་མཐོང་མང་བའི་ནད་ཅིག་ཡིན་པ་དང་། ནད་དེས་ཐོན་པའི་མཇུག་འབྲས་ཡང་གྲིབ་སྐྱོན་དང་། སྙིང་ནད། མཁལ་མའི་ནད་ལ་སོགས་བཅོས་ཐབས་དཀའ་བའི་ནད་རིགས་མང་དག་ཤིག་བྱུང་དང་འབྱུང་བཞིན་པ་དེས་སྐྱེ་བོ་རྣམས་ཀྱི་བདེ་ཐང་ལ་གནོད་སྐྱོན་ཤིན་ཏུ་ཆེན་པོ་བཟོ་བཞིན་ཡོད། ད་ཐེངས་དཔྱད་གཞིའི་ཡིག་ཆ་རྣམས་ཀྱིས་ནང་བོད་རབ་བྱུང་བཅུ་པའི་ནང་བརྩམས་པའི་གསོ་རིག་དགོས་འདོད་ཀུན་བྱུང་དུ་ཁྲག་རླུང་བཅོས་ཐབས་འཆི་མེད་སྲོག་གཏེར་ཞེས་བྱ་བའི་ནང་ཁྲག་རླུང་གི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་བཅས་ཞིབ་པར་བཀོད་ཡོད་པར་གཞིགས་ན་བོད་ལུགས་གསོ་བ་རིག་པས་ཁྲག་རླུང་ནད་ལ་བརྟག་བཅོས་གནང་བ་ནི་དེང་རབས་གསོ་རིག་ལས་ལོ་བརྒྱ་ཕྲག་གིས་སྔ་ལ། དེང་རབས་གསོ་རིག་ལས་ཁྲག་ཤེད་མཐོ་བོའི་ནད་ཡིན་པར་༡༨༠༨ལོར་དཔྱད་རྩོམ་སྤེལ་ཡོད་པ་དང་༡༩༠༠ལོར་ཁྲག་ཤེད་མཐོ་པོའི་ནད་ཀྱི་སྨན་ཐོག་མ་དེ་བྱུང་ཡོད་། དེ་དག་ནི་ལོ་རྒྱུས་དང་འབྲེལ་བའི་གཏམ་ཡིན་ཞིང་སྐབས་བབས་ཀྱི་བརྗོད་བྱ་གྷི་ཝཾ་དགུ་པས་ཁྲག་ཤེད་ལ་ཕན་ཚུལ་ཐོག་མར་༢༠༡༢ལོར་སྟེས་དབང་གིས་རྟོག་པ་སྟེ། ལོ་དེར་ཁོ་བོ་ནག་ཆུར་འགྲིམ་སྐབས། དེའི་ས་བབས་མཐོ་བ་སོགས་རྒྱུ་རྐྱེན་དུ་མས་ཁྲག་ཤེད་གློ་བུར་དུ་མཐོར་སོང་ནས་ཁྲག་གནོན་མཐོ་བ་༡༦༥mmHgདང་གནོན་དམའ་བ་ཡང་༡༢༠mmHg ཡས་མས་སུ་སླེབས། སྐབས་དེ་དུས་ནད་རྟགས་གཙོ་བོ་མགོ་བོ་ན་བ་དང་། མིག་རབ་རིབ་བྱེད་པ། རོ་སྟོད་བརྒྱངས་པ། མཚན་མོ་གཉིད་ཡེར་བ། ལུས་ལྕི་བ་སོགས་ཀྱི་ནད་རྟགས་ཐོན་པ་དང་།རྩ་རྒྱུད་ཁར་སྟོངས་ཤིང་གཏིང་ན་གྲིམས་ལ་འཕྲངས་བ། དྲི་ཆུ་ཡང་དམར་སེར་དྲི་དུགས་པ་ལྦུ་བ་ཆེ་བ་སོགས་བྱུང་བར་དེའི་གཉེན་པོར། ཞོགས་པ་བླ་མེད་ཁེ་༡ ཉིན་དགུང་ཙན་དན་༡༨ཁེ་༢། དགོང་མོ་ཨ་གར་༢༠་ཁེ་༢་བཅས་ཉིན་བདུན་བསྟེན་པར་མགོ་བོ་ན་བ་དང་། རོ་སྟོད་བརྒྱངས་བ། གཉིད་ཡེར་བ་བཅས་ཀྱི་ནད་རྟགས་ལ་ཕན་པ་མངོན་གསལ་བྱུང་། རྩ་རྒྱུད་སྟོངས་ཆུང་དུ་སོང་ཡོད་པ། ཁྲག་ཤེད་ཡང་ཁྲག་གནོན་མཐོ་བ་༡༣༠mmHg ཁྲག་གནོན་དམའ་བ་ཡང་༡༡༠mmHgཡས་མས་སུ་ཆག་ཡོང་། དེ་ནས་སླར་ཡང་གོང་གི་གཉེན་པོ་ཉིན་བདུན་བསྟེན་རུང་ནད་རྟགས་དྲགས་བསྐྱེད་སོང་བ་དག་ཞི་བ་ལས་མིག་རབ་རིབ་བྱེད་པ་དང་ལུས་ལྕི་བར་འགྱུར་ལྡོག་ཆེར་མ་བྱུང་། ཁྲག་ཤེད་ཡང་ཁྲག་གནོན་མཐོ་བ་༡༣༠mmHg ནས་༡༢༠mmHgཡས་མས་ལ་འཕར་ཆག་བྱེད་པ་དང་ཁྲག་གནོན་དམའ་བ་༡༡༠mmHg ནས ༩༥ mmHg ཡས་མས་སུ་འཕར་ཆག་བྱེད། དེའི་སྐབས་རྩ་རྒྱུད་གྲིམས་ལ་འཕྲང་བར་འཕར་བ་དང་། དྲི་ཆུ་ཡང་དམར་སེར་ལྦུ་བ་སྙོམས་ལ་སངས་ཅུང་སྐྱེན་པ་སོགས་ཚད་རྟགས་ལྡན་པ་དང་ནད་རྟགས་ལ་ཡང་མགོ་ན་བ་དང་། མིག་རབ་རིབ་བྱེད་པ། ལུས་ལྕི་བ་སོགས་མཆིན་ནད་ཚ་བའི་ནད་རྟགས་མང་བར་བརྟེན་ཚོད་ལྟ་དང་འབྲེལ་སྔ་དགོང་གྷི་ཝཾ་དགུ་པ་ཁེ་༢་རེ་བསྟེན་པར་ཉིན་གཉིས་པ་ནས་ལུས་པོ་ཡང་དུ་སོང་བའི་ཚོར་སྣང་ཡོད་པ་དང་མིག་ཀྱང་དེ་ཙམ་རབ་རིབ་མི་བྱེད། དེ་ནས་མུ་མཐུད་ཉིན་ཤས་གོང་ལྟར་བསྟེན་པར་ནད་རྟགས་ཚང་མ་སྤྱིའི་ཆ་ནས་ཞི་བ་དང་ཁྲག་ཤེད་ཡང་ཁྲག་གནོན་མཐོ་བ་༡༣༠mmHg ནས་༡༢༠ mmHg ཡས་མས་ལ་འཕར་ཆག་བྱེད་པ་དང་ཁྲག་གནོན་དམའ་བ་ཆག་ཤུགས་ཆེ་ཙམ་བྱུང་ཡོད་པ་༩༠ mmHg ནས ༨༥
mmHgབར་ལ་ཆག་འདུག དེའི་རྗེས་ས་གནས་དེ་གའི་ཁྲག་ཤེད་མཐོ་བའི་ནད་པ་རེས་འགར་གཉེན་པོ་གཞན་དང་མཉམ་དུ་གྷི་ཝཾ་དགུ་པ་བསྟེན་པར་ནད་པས་ཕན་བསྐྱེད་ཆེན་པོ་འདུག་ཟེར་ལ་ཁྲག་ཤེད་ཡང་མངོན་གསལ་དོད་པོ་ཆག་སོང་།འོན་ཀྱང་དེས་གྷི་ཝཾ་དགུ་པས་ཁྲག་རླུང་ནད་ལ་ཕན་ཡོད་ཟེར་བའི་ཁ་ཚོན་གཅོད་མི་ཐུབ། དེ་ནས་ལྷ་སར་སླེབས་ནས་མུ་མཐུད་ཞིབ་འཇུག་བྱ་དགོས་སྙམ་རུང་གཅིག་ནས་གཞུང་གི་བཅོས་རིན་འགན་བཞེས་ནང་གྷི་ཝཾ་དགུ་པ་ཁྲག་རླུང་ནད་ཀྱི་སྨན་རིགས་ཁོངས་སུ་བཞག་མེད་པ་སོགས་ཀྱི་གནས་ཚུལ་འགའ་དང་ལྷག་པར་དུ་ལོ་དེའི་ཟླ་བ་དགུ་པ་ནས་ཞིབ་འཇུག་སློབ་མར་ཞུགས་པ་སོགས་ཀྱིས་མུ་མཐུད་དཔྱད་པའི་ཁོམས་པ་དང་བྲལ། ཉེ་བའི་ཟླ་བ་འགའི་སྔོན་དུ་རང་སྨན་ཁང་ཞིབ་འཇུག་ཚན་པ་རང་ཚན་པའི་མཉམ་འབྲེལ་གྱི་ཁྲག་རླུང་ནད་ཀྱི་བརྟག་བཅོས་བསྐོར་གྱི་རྣམ་གྲངས་ནང་བཞུགས་པས་ཁྲག་རླུང་ནད་ཀྱི་ནད་དེབ་བརྒྱ་སྐོར་ལ་རྟོག་ཞིབ་བྱས་པར་གྷི་ཝཾ་དགུ་པ་ཁྲག་རླུང་ནད་ལ་བཀོལ་སྤྱོད་བྱས་པ་ཧ་ལམ་མེད་པས། ད་ཐེངས་དཔྱད་རྩོམ་འདི་སྤེལ་ནས་ཁྲག་རླུང་ནད་ཀྱི་གཉེན་པོ་གསར་རྙེད་དང་ནད་ཐོག་ནང་གཉེན་པོ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུར་བློ་སྒོ་འབྱེད་ཆེད་དང་ད་ཡོད་ཀྱི་སྨན་རྫས་དཔྱད་རྩོམ་མི་ཉུང་བ་ཞིག་ལ་སྨན་རྐྱང་པའི་རོ་ནུས་ལས་སྦྱོར་བར་རོ་སྡེབ་ནུས་སྡེབ་དང་སྦྱར་ནས་དཔྱད་པ་ཉུང་བས་མ་འོངས་པར་སྨན་སྦྱོར་དབྱེ་ཞིབ་བྱེད་ཐབས་ལ་བློ་སྒོ་འབྱེད་ཐབས་ཙམ་དུ་ཡིན།
གཉིས་པ། གྷི་ཝཾ་དགུ་པའི་སྨན་སྦྱོར་ལ་དཔྱད་པ།
༡ སྨན་སྦྱོར་བྱུང་ཁུངས་དང་སྦྱོར་སྡེ།
གྷི་ཝཾ་དགུ་པའི་སྨན་སྦྱོར་འདི་ནི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་དུམ་བུ་གསུམ་པ་ཕྱི་མ་རྒྱུད་ཀྱི་ཕྱེ་མ་གྲང་སེལ་གྱི་སྣ་ཚོགས་ཐོར་བུ་དམངས་ཀྱི་སྦྱོར་བའི་སྐབས་སུ་བསྟན་ཡོད་ལ། རྒྱུད་བཞི་ལས། གྷི་ཝཾ་གུར་གུམ་ཨུཏྤལ་བ་ལེ་ཀ ། ཏིག་ཏ་བྲག་ཞུན་རུ་རྟ་བ་ཤ་ཀ །གསེར་གྱི་མེ་ཏོག་ཀ་ར་གི་ཝཾ་དགུ། ཞེས་གསུངས་པ་ལྟར་གྷི་ཝཾ་དང་། གུར་ཀུམ། ཨུཏྤལ། བ་ལེ་ཀ། ཏིག་ཏ། བྲག་ཞུན། རུ་རྟ། བ་ཤ་ཀ གསེར་གྱི་མེ་ཏོག་བཅས་སྨན་སྣ་དགུ་དང་སྨན་ནུས་རྩར་འཁྲིད་པའི་སྨན་རྟ་ཀ་ར་བཅས་ལས་གྲུབ་པའི་སྨན་ཞིག་ཡིན། སྨན་གྱི་སྦྱོར་ཚད་ནི། རྒྱུད་བཞི་ལས། ཚད་མེད་ཆ་མཉམ་གཙོར་སྨོས་ཐུན་ཚད་བསྐྱེད། ཞེས་གསུངས་པ་ལྟར་གྷི་ཝཾ་གཙོར་སྨོས་པ་གང་ཞིག་གཞན་ལས་ཐུན་ཚད་ཆེ་བ་དང་ལྷག་མ་གུར་ཀུམ། ཨུཏྤལ། བ་ལེ་ཀ། ཏིག་ཏ། བྲག་ཞུན། རུ་རྟ། བ་ཤ་ཀ གསེར་གྱི་མེ་ཏོག་བཅས་ནི་ཆ་མཉམ་པར་སྦྱར་བའོ།
༢ རྐྱང་པའི་སྨན་གྱི་ཕན་ཡོན་སོགས་བལྟ་བདེ་ཕྱིར་རེའུ་མིག་ཏུ་བཀོད་ན།
སྨན་མིང་ | རོ་ | ཞུ་རྗེས། | ནུས་པ། | ཚབས་སྨན། |
གྷི་ཝཾ | ཁ། མངར་། བསྐ། | བསིལ | དུག་ཚད། མཆིན་ཚད་སྣོད་ཚད། བྱིས་པའི་ཚད་ནད་སོགས་སེལ། | མི་བཟོས་གྷི་ཝང་། |
གུར་ཀུམ། | མངར། ཁ། | བསིལ། ལྕི། | མཆིན་ནད་སེལ། རྩ་ཁ་སྡོམ། ཁྲག་ལ་ཕན། ལུས་ཟུངས་འཕེལ། མཁྲིས་པ་ཁ་ལུད་གཅོད། ཁྲག་ཉམས་པ་གསོ། | ལྡུམ་གུར་གུམ། |
ཨུཏྤལ། | བསྐ མངར། | བསིལ། ལྕི། | གློ་མཆིན་ཚད་པ་མ་ལུས་སེལ། | ལུག་མིག་སྔོན་པོ་རྒྱལ་བའི་ཅན་ཟེར་བ། |
བ་ལེ་ཀ། | ཁ། ཚ། | བསིལ། ཡང་། | གློ་ཚད། མཆིན་ཚད། སྣོད་ཚད་། ཁྲག་ནད། རིམས་ཚད་སེལ། | འདི་ནི་༢༠༠༣ལོར་རྒྱལ་ཁབ་ནས་སྤྱོད་མི་རུང་བའི་སྨན་ཁོངས་སུ་བཀོད་པས་བཟོ་གྲྭ་ཁག་ནས་ནུས་མཐུན་གྱི་སྨན་གཞན་གྱིས་ཚབས་བྱེད་པར་གྲགས། |
ཏིག་ཏ། | ཁ། | བསིལ། རྩུབ། སྐམ་སྙོམས། | མཁྲིས་ཚད། ཁྲག་ཚད།
| |
བྲག་ཞུན། | ཁ། མངར། བསྐ། | བསིལ། སྙོམས། | ཚད་རིགས་སྤྱི་། ཁྱད་པར་ཕོ་ཚད། མཆིན་ཚད། མཁལ་ཚད་སེལ། འདུ་བ་སྙོམས། ཆུ་སྲི་འབྱིན། | |
རུ་རྟ། | ཚ། ཁ། མངར། | སྙོམས། རྣོ། དྲོ། | རླུང་ཁྲག་འཐབ་པ་སེལ། ཕོ་བ་སྦོས་པ་སེལ། སྐྲན་དང་བད་ཀན་གཤིགས། གློ་ནད། གག་པ་སེལ། ཤ་རོ་བཅོད། ཆུ་སྲི་འབྱིན། ཟླ་མཚན་འཁྱིལ་བ་སེལ། ཚད་འཁྲུག གཉན་ནད། སྲོག་རླུང་སེལ། འདུ་བ་སྙོམས། | |
བ་ཤ་ཀ | ཁ། | བསིལ། སྙོམས། | ཁྲག་ནད། ཁྲག་ཚད། མཆིན་ཚད། ཁྲག་མཁྲིས་སེལ། གཟེར་གཅོག | ལྡུམ་བ་ཤ་ཀ སྔོ་གཡུ་ལྡུམ་གསེར་མགོ |
གསེར་གྱི་མེ་ཏོག | ཁ | བསིལ། རྣོ། | སྣོད་ཚད་མཁྲིས་ཚད་སེལ། |
གོང་འཁོད་ཀྱི་རེའུ་མིག་གི་ནང་དོན་རྣམས་ནི་རྒྱུད་བཞི་དང་སྨན་མིང་རྒྱ་མཚོ། སྨན་གྱི་རོ་ནུས་ཞུ་རྗེས་བཤད་པ་བཻཌཱུརྱའི་མེ་ལོང་། ཤེལ་གོང་ཤེལ་ཕྲེང་། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་བཅས་གཞིར་བཟུངས་ནས་བཀོད་པ་ཡིན།
༣ གྷི་ཝཾ་དགུ་པའི་སྦྱོར་སྡེའི་རོ་ནུས་ཞུ་རྗེས་ཡོན་ཏན།
སྨན་རྐྱང་པའི་རོ་ལ་གཞིགས་ན་སྦྱོར་སྡེ་འདིར་རོ་ཁ་བ་དགུ་དང་། མངར་བ་བཞི། བསྐ་བ་གསུམ། ཚ་བ་གཉིས་བཅས་ཡིན་ཕྱིར་རྒྱུད་ལས་ཁ་དང་མངར་དང་བསྐ་བས་མཁྲིས་པ་སེལ་ཞེས་གསུངས་པ་ལྟར་མཁྲིས་པ་སེལ་བའི་སྟོབས་ཆེ་བར་གསལ།
འབྱུང་བའི་ཤས་ཆེ་ཆུང་རེའུ་མིག
འབྱུང་བ། རོ། | ས། | ཆུ། | མེ། | རླུང་། |
མངར། | ༤ | ༤ | ||
སྐྱུར། | ||||
ལན་ཚ། | ||||
ཁ་བ། | ༩ | ༩ | ||
ཚ་བ། | ༢ | ༢ | ||
བསྐ | ༣ | ༣ | ||
བསྡོམས། | ༧ | ༡༣ | ༢ | ༡༤ |
གོང་གི་རེའུ་མིག་ལས་རྟོག་པར་འབྱུང་བའི་ཤས་ལ་གཞིགས་ན་ཆུ་དང་རླུང་གཉིས་ཤས་ཆེ་བས་ཆུས་མཁྲིས་ནད་སེལ་བ་དང་རླུང་གིས་བད་མཁྲིས་སེལ་བའི་ནུས་པ་ལྡན་པ། ས་འབྲིང་ཙམ་ཡོད་པས་རླུང་ལ་ཡང་མི་གནོད་སྙམས།
འབྱུང་བའི་ཤས་ཆེ་ཆུང་ལས་ཡོན་ཏན་དང་སྦྱར་ན་འོག་གི་རེའུ་མིག་ལྟར་ཡིན།
དེ་དག་ཡང་ཡོན་ཏན་འཇམ་རྩུབ། ལྕི་ཡང། གྲང་དྲོ། སྣུམ་སྐྱ། བརྟན་གཡོ། རྣོ་རྟུལ། ཚ་བསིལ། སྐམ་སླ། བཅས་ཕན་ཚུན་ལྡོག་ཟླ་རྣམས་ཕན་ཚུན་དོར་བས་མཐར་ལྷག་པའི་ཡོན་ཏན་གཤམ་ལྟར་ཡིན་ཕྱིར་ཉེས་གསུམ་སོ་སོའི་མཚན་ཉིད་ཇི་ལྟར་འཇོམས་པ་ནི།
རླུང་གི་མཚན་ཉིད་ལས་རྩུབ་པ་འཕེལ། ཡང་བ་འཇོམས། གྲང་བ་འཕེལ། སྲ་བ་འཇོམས། ཕྲ་བ་འཇོམས། གཡོ་བ་འཕེལ་བ་བཅས་ལས་རླུང་ལ་ཕན་གནོད་ཆེར་མེད་པའམ་འཕེལ་བ་དང་སྟོབས་ཆེ་བས་ཅུང་ཟད་འཕེལ་ལམ་སྙམས།
མཁྲིས་པའི་མཚན་ཉིད་རྣོ་བ་འཇོམས། ཚ་བ་འཇོམས། ཡང་བ་འཇོམས། དྲི་མནམ་པ་འཇོམས། སྣུམ་བཅས་འཕེལ། འཁྲུ་བ་འཕེལ། གཤེར་བ་འཕེལ་བ་བཅས་ཏེ་མཚན་ཉིད་འཇོམས་པ་རྣམས་སྟོབས་ཆེ་བས་མཁྲིས་པ་སེལ།
བད་ཀན་སྣུམ་པ་འཕེལ། བསིལ་བ་འཕེལ། ལྕི་བ་འཕེལ། རྟུལ་བ་འཕེལ། འཇམ་པ་སེལ། བརྟན་པ་སེལ། འབྱར་བག་སེལ་བ་བཅས་ཀྱིས་བད་ཀན་བསྐྱེད་དམ་སྙམས།
ཞུ་རྗེས་ཀྱི་རོ་ནི་སྤྱིའི་དབང་དུ་བྱས་ན་རོ་ཁ་བ་ཤས་ཆེ་ཞིང་མངར་བའི་ཆ་ཅུང་ཟད་ཡོད་པས་ཁ་བས་བད་མཁྲིས་དང་མངར་བས་རླུང་མཁྲིས་འཇོམ་པས་མཁྲིས་པ་དང་བད་ཀན་འཇོམ་ནུས་ཆེར་ལྡན་པ་བཅས་སོ།
༤ གྷི་ཝཾ་དགུ་པའི་སྨན་གྱི་ངོ་བོའི་ནུས་པ།
སྦྱོར་སྡེའི་སྨན་གྱི་ངོ་བོའི་ནུས་པར་གཞིགས་ན་མཆིན་ཚད་དང་ཁྲག་ཚད་གློ་ཚད་བཅས་ལ་ཕན་པའི་སྨན་སྦྱོར་མང་བ་དང་ལྷག་པར་དུ་གུར་གུམ་དང་བྲག་ཞུན་མཆིན་པའི་ནད་ལ་མཆོག་ཏུ་ཕན་པའམ་སྨན་ནུས་མཆིན་པར་འཁྲིད་པའི་རྟ་ལྟ་བུ་ཡིན་པའི་ཕྱིར་ན་མཆིན་ཚད་གློ་ཚད་གཉིས་ལས་མཆིན་ཚད་ལ་ལྷག་པར་ཕན་སྙམས། རུ་རྟ་ནི་ཧ་ལམ་ཁ་འཛིན་སྨན་ཡིན་ཏེ། སྦྱོར་སྡེ་དགུ་པོའི་ནང་དུ་རུ་རྟ་ཁོ་ན་ཞུ་རྗེས་ཀྱི་ནུས་པ་དྲོད་ཡིན་པའི་དེས་ཕོ་མེ་དྲོད་ཀྱི་ཁ་འཛིན་པ་དང་རླུང་འཇོམ་པ་སོགས་ཀྱི་དགོས་པའི་ཕྱིར་སྦྱར་བ་མིན་ནམ་སྙམས། དེས་ན་གོང་གི་རོ་སྡེབ་དང་ནུས་སྡེབ་ཞུ་རྗེས་སོགས་ལ་གཞིགས་ནས་རྒྱུད་བཞི་ལས་མཆིན་པ་བསྣད་འགྲམས་མཆིན་ཁྲག་རྒྱས་པ་དང་། །མཆིན་ཚད་བད་ཀན་སྨུག་པོ་རྒྱས་པ་སེལ། །ཞེས་གསུངས་སོ།
གསུམ་པ། གྷི་དགུས་ཁྲག་རླུང་ལ་ཕན་དགོས་པའི་རྒྱུ་མཚན།
ཁྲག་རླུང་ནད་ནི་རྒྱུ་ལུས་ཀྱི་ཁྲག་ངན་དག་རླུང་འཁྲུགས་པས་སྟོད་དུ་འཕུལ་བ་དང་དབུགས་དང་རྩ་ལམ་འཚངས་པས་ཁྲག་རླུང་སྟོད་ཚང་ནད་འབྱུང་བར་སྟག་ཚང་ལོ་ཙཱ་བས་གསུངས། ནད་དེ་ལ་ཡང་རླུང་ཤས་ཆེ་བའི་ཁྲག་རླུང་སྟོད་འཚངས་དང་ཁྲག་ཤས་ཆེ་བའི་ཁྲག་རླུང་སྟོད་འཚངས་གཉིས་སུ་དབྱེ།དེས་ན་ནད་ཀྱི་རྒྱུ་གཙོ་བོ་ནི་ཁྲག་ངན་དང་རླུང་འཁྲུགས་པ་གཉིས་ཡིན་པ་ལས་ཁྲག་ངན་འབྱུང་ས་ནི་མཆིན་པ་ཉིད་ལས་མ་འདས་ཏེ། དོན་སྣོད་རྣམ་བཤད་དཔྱོད་ལྡན་ནོར་བུར་མཆིན་པའི་བྱེད་ལས་ནི་མཆིན་པར་ལྷན་སྐྱེས་སུ་གནས་པའི་མདོག་སྒྱུར་མཁྲིས་པས་ཁྲག་ཏུ་བསྒྱུར་ནས་སྲོག་རྩ་ནག་པོ་བརྒྱུད་ལུས་ཀྱི་ཆ་ཤས་ཕྲ་མོ་དང་བཅས་པར་ཁྱབ་པའི་ཁྲག་གི་རྟེན་བྱེད་པ་ཡིན་ཞེས་གསུངས་པ་ལྟར་ཟས་སྐོམས་ཀྱི་དྭངས་མ་དག་མཆིན་པའི་གནས་སུ་ཁྲག་ཏུ་འགྱུར་བས་མཆིན་པའི་བྱེད་ལས་ཚུལ་དུ་མ་གནས་ཚེ་ལུས་ཀྱི་ཁྲག་ཀྱང་འཁྲུག་པར་འགྱུར། དེའི་ཕྱིར་མཆིན་པའི་ནུས་པ་ཚུལ་ལྡན་དུ་གནས་པར་བྱ་རྒྱུ་དེ་ལུས་ཀྱི་ཁྲག་ངན་གྱི་སྒོ་ཁེགས་ངེས་སོ།
ནད་ཀྱི་སློང་རྐྱེན་ཡང་ཁྲག་ཤས་ཆེ་བའི་ཁྲག་རླུང་ནི་གཙོ་བོ་མེ་ཉིས་དྲོས་པ་སོགས་ཁྲག་མཁྲིས་འཕེལ་བའི་རྒྱུ་རྐྱེན་ཁོ་ན་ཡིན་པ་དོན་དངོས་ལ་ཡང་ལུས་འཁྲུག་པ་དང་ཆང་འཐུང་བ། ཞེ་སྡང་སྐྱེས་པ་སོགས་ཁྲག་མཁྲིས་འཁྲུག་པའི་རྒྱུས་ཁྲག་ཤེད་མངོན་གསལ་གྱིས་མཐོ་རུ་འགྲོ་བ་ནི་དངོས་སུམ་མཐོང་ཆོས་སུ་འགྱུར་བས། གྷི་ཝཾ་དགུ་པ་ནི་ནུས་པ་བསིལ་ཞིང་ཁྲག་མཁྲིས་ཚ་བའི་ནད་ལ་མཆོག་ཏུ་ཕན་ལ་རླུང་ལ་ཡང་དེ་ཙམ་མི་གནོད་པ་སོགས་ཁྲག་རླུང་ནད་ཀྱི་བདུད་རྩི་ལྟ་བུ་ཡིན། གལ་དེ་ག་བུར་སྦྱོར་བ་སོགས་ཧ་ཅང་བསིལ་བའི་རིགས་བསྟེན་ན་འཁྲུགས་པའི་རླུང་དེ་དེ་བས་ཀྱང་འཕེལ་བར་བྱེད་པས་ཁྲག་རླུང་ནད་ལ་ཕན་ལས་གནོད་ཆེ་སྙམས།
ནད་རྟགས་ལ་གཞིགས་ན་ནད་འདིས་ཐོག་མའི་དུས་རོ་སྟོད་གཟེར་བ། མགོ་བོ་ན་བ། མིག་མི་བདེ་བ་ལུས་ལྕི་བ་སོགས་མཆིན་པའི་ནད་དང་ཚ་བའི་ནད་ཀྱི་ནད་རྟགས་མི་ཉུང་བ་ཡོད་ལ་ལྷག་པར་དུ་རྩ་དང་དྲི་ཆུར་ཚ་བའི་མངོན་གསལ་དེ་བས་ཆེ་བས་མཆིན་ཚད་གཉིས་ལ་ཕན་པའི་སྨན་བསྟེན་ན་འཚམས་པར་མཐོང་ངོ་།
དེང་དུས་གསོ་རིག་ལས་རྒན་པོའི་ཁྲག་ཤེད་མཐོ་བའི་ནད་དང་གཞོན་ནུའི་ཁྲག་ཤེད་མཐོ་བའི་ནད་ལ་རྒན་པོའི་ཁྲག་ཤེད་མཐོ་བ་ནི་ཁྲག་གནོན་མཐོ་བ་གཙོ་བོར་མཐོ་རུ་འགྲོ་བས་རྩའི་གནོན་ཤུགས་སམ་ཁྲག་གནོན་མཐོ་བ་དང་དམའ་བའི་བར་ཁྱད་ཆེ་བ་ཡོད་པ་དང་གཞོན་ནུའི་མཐོ་བའི་ནད་ནི་ཁྲག་གནོན་དམའ་བ་གཙོ་བོར་མཐོ་རུ་འགྲོ་བས་རྩའི་གནོན་ཤུགས་སམ་ཁྲག་གནོན་མཐོ་བ་དང་དམའ་བའི་བར་ཁྱད་ཆུང་དུ་འགྲོ། རང་གཞུང་དུ་གཞོན་ནུའམ་དར་མ་ཁྲག་མཁྲིས་ཤས་ཆེ་བ་དང་རྒན་པོ་རླུང་ཤས་ཆེ་བའི་ཕྱིར་ཁྲག་གནོན་མཐོ་བ་རླུང་ཤས་ཆེ་ཆུང་དང་འབྲེལ་བ་ཆེ་བ་དང་ཁྲག་གནོན་དམའ་བ་ཁྲག་ཤས་ཆེ་ཆུང་དང་འབྲེལ་བ་ཆེ་བ་ཡོད་ངེས་པས་ཁྲག་གནོན་དམའ་བ་མཐོ་པོ་ཆགས་པར་གྷི་ཝཾ་དགུ་པ་བསྟེན་ན་དེ་བས་མཚམས་པར་སེམས།
བཞི་པ། ཞར་བྱུང་། ཁྲག་རླུང་ངམ་ཁྲག་རླུང་སྟོད་འཚངས་ནད་དང་དེང་དུས་ཀྱི་ཁྲག་ཤེད་མཐོ་བའི་ནད་གཅིག་པར་འཛིན་ན་འཐད་མིན།
ནད་དེ་གཉིས་ཀྱི་སློང་རྐྱེན་ཇ་གར་པོ་དང་། གཉིད་ཆག་པ། སེམས་ལས་ཆེས་པ། ལུས་འཁྱགས་དྲགས་པའམ་དྲོས་དྲགས་པ། དྲག་ཤུལ་ཆེས་པ་སོགས་སློང་རྐྱེན་སྤྱིའི་ཆ་ནས་མཐུན་པ་དང་། ནད་རྟགས་མགོ་དང་མིག་རུས་ན་བ། གཉིད་ཡེར་བ། སྙིང་མི་དགའ་བ་། བྲང་རྒྱབ་གཟེར་བ། ལྟག་མདུན་ན་བ་བཅས་གཅིག་མཐུན་ཡིན་པ་དང་། ལྷག་པར་དུ་ནང་དུ་འཇུག་པའི་དབུགས་དཀའ་བ། རྔམ་པ་རྒོད་པ། དབུགས་མི་བདེ་བ་ནི་དེང་དུས་ཁྲག་ཤེད་མཐོ་བའི་སྙིང་ནད་ཕལ་མོ་ཆེའི་རྒྱུན་མཐོང་གི་ནད་རྟགས་ཡིན། དུས་རབས་རྙིང་པའི་ནང་ས་གནས་ཁག་ཏུ་སྨན་པ་དཀོན་ལ་མི་རྣམས་ཀྱི་བདེ་ཐང་འདུ་ཤེས་དམའ་བའི་རྐྱེན་གྱིས་ལུས་མི་བདེ་བ་ཅུང་ཟད་ཙམ་ལ་སྨན་པ་བསྟེན་མཁན་ཧ་ཅང་ཉུང་། མཐར་ནད་ཀྱིས་འཚོ་བ་དང་སྤྱོད་ལམ་