རང་བྱུང་གླ་རྩིའི་ངོས་འཛིན་སྐོར་ལ་རིག་གཞུང་དང་ཉམས་མྱོང་ཟུང་དུ་སྦྲེལ་ནས་རགས་ཙམ་གླེང་བ།
ཨོ་རྒྱན་བསྟན་འཛིན། སི་ཁྲོན་སྡེ་དགེ་རྫོང་བོད་སྨན་རྩིས་ཁང།
ནང་དོན་གནད་བསྡུས། སྨན་སྦྱོར་གང་ཞིག་བསྡེབས་ཀྱང་ཐོག་མར་སྨན་རྒྱུ་དེར་ངོས་འཛིན་མ་ནོར་བ་བྱེད་རྒྱུ་ནི་ཆེས་ཐོག་མའི་ཆ་རྐྱེན་ཞིག་ཡིན། དེང་སང་རང་བྱུང་གླ་རྩི་ནི་སྨན་རྒྱུ་ཆེས་དཀོན་ལ་དེང་རབས་མིས་བཟོས་གླ་རྩི་དང་ཚོང་པས་བསྲེ་བསླད་བྱས་པའི་གླ་རྩི་ཤིན་ཏུ་མང་བས་ངོས་འཛིན་ཡང་དག་པ་བྱེད་རྒྱུར་དཀའ་ངལ་འཕྲད་དང་འཕྲད་བཞིན་པ་རེད། ལྷག་པར་དུ་མིས་བཟོས་གླ་རྩིའི་ཕྱེ་མ་དང་གླ་བའི་མཆིན་པ་སོགས་རང་བྱུང་གླ་རྩིའི་རྩི་ཁོག་དུ་བཅུག་ནས་འཚོང་མཁན་མང་བས་གླ་རྩིའི་ཕྱི་ལ་བརྟག་པ་ཤིན་ཏུ་དཀའ། དཔྱད་རྩོམ་འདིའི་ནང་ཁོ་བོས་ལོ་ངོ་བཅུ་ཕྲག་རིང་གཙོ་བོ་སྨན་སྦྱོར་ཁང་དུ་བོད་སྨན་སྦྱར་བཟོའི་ལས་ཀ་བྱས་པའི་བརྒྱུད་རིམ་ཁྲོད་རང་བྱུང་གླ་རྩིའི་ངོས་འཛིན་སྐོར་གྱི་མཐོང་བ་བརྒྱུད་པའི་ཉམས་མྱོང་དངོས་དང་རིག་གཞུང་ཟུང་འབྲེལ་གྱི་སྒོ་ནས་དཔྱད་གླེང་བྱས་ཡོད།།
གནད་ཚིག རང་བྱུང་གླ་རྩི། ངོས་འཛིན། མཐོང་བརྒྱུད་མྱོང་བ།
----------------------------------------------------------------------------------
དེ་ཡང་། དཔལ་ལྡན་བཤད་པའི་རྒྱུད་ལས། །རིན་ཆེན་ལ་སོགས་བཟང་ངན་ཤེས་པ་ཡང་། །བསྟན་བཅོས་མ་ཡིན་དེ་མེད་པར་ཡང་མིན། ཞེས་དང་། ཡན་ལག་བརྒྱད་པར། སྨན་ངོ་ཤེས་པར་བྱ་ཐབས་ལ། །མི་ཤེས་པ་ཡི་རྒྱུ་གསུམ་སྟེ། །མ་ཐོས་མ་གོ་མ་མཐོང་ན། །ནང་གི་གེགས་ཞེས་བྱ་བ་སྟེ། །དང་པོ་མིང་རྣམས་ཐོས་པར་བྱ། །དེ་རྗེས་བལྟ་ཞིང་ལེགས་པར་བརྟག །གང་དང་གང་ལ་བཤད་པ་ནི། །ཡང་དང་ཡང་དུ་འདྲིས་པར་བྱ། །ཕྱི་ཡི་གེགས་ནི་གསུམ་ཡིན་ཏེ། །སྐྱེ་ས་ཡུལ་གྱི་སྐལ་བ་ནི། གྲང་བ་དྲོས་སར་སྐྱེས་པ་ཡིན། །བཏུ་བ་དུས་ཀྱི་སྐལ་པ་ནི། དཔྱིད་དབྱར་སྟོན་དུས་བཏུས་པ་ཡིན། །སྨན་གཅིག་ཡིན་རུང་དེ་མི་འདྲ། །བཏགས་པ་མིང་གི་བསྐལ་པ་ནི། །རང་རང་ཡུལ་གྱི་སྐད་ཀྱིས་ནི། །ངོ་མི་ཤེས་པའི་གནས་སུ་འགྱུར། །གཞན་ཡང་རྣམ་གྲངས་མིང་དང་ནི། །བསྡུས་པའི་མིང་ཡང་ཤེས་པར་བྱ།ཞེས་གསུངས་པ་ལྟར། བོད་ལུགས་སྨན་རྫས་རིག་པའི་སྲོལ་རྒྱུན་གྱི་སྨན་ངོ་ངོས་འཛིན་བྱེད་པའི་ཐབས་ཤེས་ལ་གཞུང་དང་ལག་ལེན་གཉིས་དངོས་སུ་ཟུང་དུ་སྦྲེལ་དགོས་པའི་རིགས་ལམ་བསྟན་ཡོད་ལ་ལྷག་པར་དུ་སྨན་ངོ་ངོས་འཛིན་བྱེད་པའི་བརྒྱུད་རིམ་དངོས་ནང་གཞུང་ལ་སྦྱོང་ཙམ་དང་གོ་མྱོང་ཐོས་མྱོང་ཙམ་གྱིས་རིན་པོ་ཆེ་སོགས་ངོས་མི་ཟིན་ལ་དེ་བས་བཟང་ངན་སོགས་ག་ལ་ཤེས། དེ་ལྟར་བོད་ལུགས་སྲོལ་རྒྱུན་གྱི་སྨན་ངོ་ཤེས་པར་བྱ་བའི་ཐབས་ལ་སྨན་པ་རང་ཉིད་ཀྱི་དབང་པོ་ལྔ་ཡིས་བལྟ་རེག་དྲི་བ་དང་མེ་ལ་བསྲེག་པ། ཆུར་བཞུར་བ། རྡོ་ལ་བརྡར་བ་སོགས་ཀྱི་བརྟག་ཐབས་ཀྱིས་དངོས་སུ་མྱོང་ནས་སྨན་ངོ་གཏན་ལ་འབེབས་དགོས་པ་བསྟན་ཡོད། དེང་རབས་ཚན་རིག་གིས་དངོས་ལུགས་དང་རྫས་འགྱུར་དབྱེ་འབྱེད།(物理与化学鉴别) ཕྲ་མཐོང་དབྱེ་འབྱེད།(显微鉴别)སོགས་མདོར་ན་སྲོལ་རྒྱུན་དང་དེང་རབས་ཚན་རིག་གི་བརྟག་ཐབས་རིག་པ་མང་པོ་ཡོད་པའོ། ། དཔེར་ན། གླ་རྩི་ལྟ་བུ་ངོས་འཛིན་པའི་སྐབས་སུ་ཐོག་མར་སྨན་པའི་མིག་གིས་གླ་རྩིའི་ཕྱི་ནང་གི་དབྱིབས་དང་མདོག་སོགས་ལ་བལྟ་བ་དང་། ངག་གིས་གླ་རྩིས་འབྱུང་ཁུངས་སོགས་འདྲི་བ། སྣ་ཡིས་གླ་རྩིའི་དྲི་སྣོམ་པ། ལྕེ་ཡིས་གླ་རྩིའི་རོ་མྱོང་བ། སྨན་པའི་ལག་པས་རེག་བྱ་མྱོང་བ་སོགས་ཀྱིས་སྒོ་ནས་ངོས་འཛིན་བྱ་དགོས་པའོ། །དེ་བས་གཤམ་དུ་སྲོལ་རྒྱུན་གྱི་བརྟག་ཐབས་འགའ་ཞིག་བརྗོད་པར་བྱ་སྟེ།
གཅིག གླ་རྩིའི་རྡོག་རིལ་ཕྱི་ཡི་དབྱིབས་ལ་བརྟག་པ།
གཡུ་ཐོག་དགོངས་རྒྱན་ལས། གླ་རྩི་ནི། འབྱུང་ཁུངས་སམ་སྡེ་ཚན་ལ་བལྟོས་ནས་བཏགས་པའི་གླ་བའི་འདོམས་སུ་སྐྱེས་པའི་སྨན་གྱི་མིང་སྟེ། དཔལ་སྤུངས་དབོན་ཀརྨ་བསྟན་འཛིན་འཕྲིན་ལས་རབ་རྒྱས་ཀྱིས་མཛད་པའི་རྒྱུད་བཞིའི་བཀའ་འགྲེལ་ལས། གླ་རྩི་ནི། གླ་བས་རྩྭ་ཆུ་ཟོས་པའི་བཅུད་དམ་རྩི་ལོགས་སུ་འདུས་ནས་གོང་བུར་གྱུར་པ་ལ་གླ་རྩི་ཟེར་བའམ་ཡང་ན་གླ་བ་ལས་བྱུང་བ་དང་། རྩི་སྨན་གྱི་སྡེ་ཚན་ཡིན་པས་ན་གླ་རྩི་ཞེས་བཤད། ཅེས་གསུངས་པ་ལྟར་རོ། ། གླ་རྩི་ནི་མཚོ་ངོས་ལས་རྨིད་༣༠༠༠ནས་༤༠༠༠བར་གྱི་རི་མཐོའི་ནགས་ཚལ་གསེབ་དུ་གནས་པའི་སྲོག་ཆགས་ཕོ་གླའི་(ཕོ་གླ་མཆེ་བ་རིང་ལ་མཆུ་ཡི་ཕྱིར་མངོན་པ་དང་། མོ་གླ་མཆེ་བ་ཐུང་ལ་ཕྱིར་མི་མངོན།)ལྟེ་བའི་དྲི་ཞིམ་རྨེན་སྣོད་ལས་བྱུང་བའི་ཟག་ཐོན་དངོས་པོའམ་དྲི་མ་སྟེ་ཕྱིའི་ལྤགས་ཐུམ་ལ་སྤུ་སྐྱ་བོ་ཐུང་ངུ་འཁྱིལ་ནས་ལྟེ་ཁུལ་གྱི་མཚན་མའི་རྨེན་བུའི་ངོས་ཀྱི་ཤ་པགས་བར་དུ་སྒོང་ཟླུམ་གྱི་རྣམ་པར་ཆགས་ཡོད་པས་དཀྱིལ་དུ་བུ་ག་གཉིས་ཡོད་པ་གཅིག་ནི་གཅིན་ལམ་དང་གཅིག་ཤོས་ནི་གླ་རྩིའི་སྐྱི་པགས་ཀྱི་ཁ་ཡིན། ཕྱི་པགས་ཀྱི་ནང་དུ་གསེར་པགས་ཞེས་དངུལ་ཤོག་ལྟ་བུ་སྐྱི་མོ་སྲབ་མོ་བཅས་ཕྱི་ནང་རིམ་པ་གཉིས་ཀྱིས་གཡོགས་ནས་ཆགས་ཡོད་པའོ། ། རྒྱུད་རྡོ་རྗེ་མཁའ་འགྲོ་ལས། ཀེ་ཏ་ཀ་ལྟར་དྲི་ཞིམ་ཞིང་། །ཡང་ལ་སྣུམ་པ་གླ་རྩི་མཆོག །ཅེས་གསུངས་པ་ལྟར་ཕྲན་གྱི་མྱོང་བ་ལ། ལྷད་མེད་པའི་གླ་རྩི་དངོས་ནི་ལག་ཏུ་བླངས་མ་ཐག་དྲི་ཞིམ་འཐུལ་ཞིང་ཡང་ལྗིད་ཆེ་ཆུང་དང་འཚམས་པ་པགས་པ་སྣུམ་ཚིལ་དང་ལྡན་པ། གླ་རྩིའི་ཕྱི་རྡོག་ནི་ཤིན་ཏུ་ཆེན་པོ་མིན་པ་དང་བཙེམ་རྗེས་མེད་པ། དེ་བཞིན་ཤིན་ཏུ་སྐམ་པའི་རྩི་རྡོག་མ་ཡིན་པར་ཁ་མ་ཕྱེས་པ་རྣམས་ནི་སྙིམ་པའི་ནང་དུ་བཙིར་ན་མར་ཆུང་དུ་སོང་ནས་སྙིམ་པ་གློད་དུས་སླར་ཡང་སྔར་བཞིན་ཆེ་རུ་སོང་ན་གླ་རྩི་དངོས་ཡིན་པར་སྤྱི་ཡི་ཆ་ནས་གཏན་འཁེལ་བྱ་ཆོག་པ་དང་གླ་རྩི་འཚོང་མཁན་མི་ཡི་རྣམ་འགྱུར་སོགས་ལ་བརྟག་པས་ཀྱང་རགས་ཙམ་རྟོགས་ཐུབ།
གཉིས་པ། གླ་རྩིའི་ནང་དངོས་ལ་བརྟག་ནས་ངོས་འཛིན་བྱེད་པ།
༡ མིག་གིས་བལྟ་བའི་སྒོ་ནས་བརྟག་པ།
རྩི་རྡོག་ཕྱི་ལ་གོང་ལྟར་སྐྱོན་མེད་པར་མཐོང་རྗེས་ནང་ལ་བལྟ་བ་ནི་ཐོག་མར་རྩི་དེ་སྡེར་མའམ་ཤོག་བུ་ལྟ་བུའི་སྟེང་དུ་བཞག་ནས་ལག་གཡོན་པས་རྩི་རྡོག་བརྟན་པར་མནན་ཏེ། གྲི་ཆུང་ངུས་རྩི་རྡོག་གི་ཕྱི་པགས་དལ་བུས་གཤགས་རྗེས་ནང་དུ་གསེར་པགས་ཅེས་སྐྱི་མོ་སྲབ་པོ་དེ་ལ་སྐྱོན་ཡོད་མེད་བརྟག་པ་གལ་ཆེ། གལ་ཏེ་གསེར་པགས་ལ་སྐྱོན་ཡོད་ན་ནང་གི་རྩི་ལ་ལྷད་བྱུང་ཡོད་པའི་ཉན་ཆེ། ཤེལ་ཕྲེང་ལས། དབྱིབས་ལ་བརྟག་པ་ནི། རྩི་རིལ་གཅིག་རྡོག་ཏུ་འདྲིལ་བ་བཟང་མཆོག་ཡིན། རྩི་འབྲུམ་རིལ་བུ་མང་བ་འབྲིང་། རྩི་འབྲུམ་ཡང་སྲ་མཁྲེགས་ཅན་ཕྱི་ལ་ནག་རྩི་སྣུམ་འོད་ཆགས་པ་བཟང་། རྩི་ཉོབ་ཕྱེ་མ་ངན་པའོ། །ཁ་དོག་ལ་བརྟག་པ་ནི། སེར་པོ་རབ། དམར་ཁམས་འབྲིང་། ནག་པོ་ཐ་མའོ། །ཞེས་གསུངས་པ་དང་། དཔག་བསམ་ལྗོན་ཤིང་ལས། ཁ་དོག་ལ་བརྟག་པ་ནི། སེར་ན་རབ། དམར་ཁམ་འབྲིང་། ནག་པོ་ཐ་མའོ། །ཞེས་སོ། །དྲང་སྲོང་ཞལ་ལུང་ལས། དངོས་དང་བཅོས་མ་བརྟག་པ་ནི། ཇི་སྐད་དུ། །བསྲེགས་ན་ཐལ་བར་མི་འགྱུར་ཞིང་། །པགས་པ་ལང་ལོང་དྲི་དང་ལྡན། །རི་དྭགས་མཆོག་གི་ལུས་ལས་འབྱུང་། །ཅེས་གསུངས་པ་བཞིན་ལག་ལེན་དངོས་ཀྱི་མྱོང་བ་ལ་རྩི་ཕྱེ་ཕྲན་བུ་གཤའ་ཤོག་(ཐ་མག་དང་བྱེ་རིལ་སོགས་ཀྱི་ཐུམ་ལྟ་བུ།)ཐོག་བཞག་སྟེ་འོག་ནས་མེས་བསྲེགས་ན་ཐོག་མར་ཚེག་སྒྲ་དང་བཅས་ཅུང་གྱེན་དུ་འཕར་ཞིང་རྡོག་པོ་ཤིན་ཏུ་ཆུང་ངུ་མང་པོ་འདྲིལ་ལ་དེ་ནས་དུ་བ་འབྱུང་བ་དང་དུས་མཚུངས་སུ་ཧ་ཅང་ཡིད་དུ་འོང་བའི་དྲི་ངད་ཕྱོགས་བཞིར་འཐུལ་ལ་རང་བཞིན་གྱིས་སེམས་པ་སྤྲོ་ནུས་པའི་སྣང་ཚུལ་ལྡན་པ་དང་ཚིག་རྗེས་རྫས་ནི་ཐལ་བར་མི་འགྱུར་ལ་རིལ་ཆུང་མདོག་སྨུག་ནག་འོད་དང་ལྡན་པ་མཛུབ་མོས་མནན་ན་སོབ་སྒྲ་དང་བཅས་ཞིག་སླ་བ་འབྱར་བག་གི་རང་བཞིན་མེད་པ་ནི་བསྲེ་བསླད་མེད་པའི་རྟགས་ཡིན། མདོག་ལ་བརྟག་པའི་སྐབས་སུ་ཉི་འོད་ཀྱི་འོག་ཏུ་བལྟས་པས་རྩི་ལ་འོད་མེད་ན་དངོས་ཡིན། མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། འདྲ་བའི་དཔེ་ལས་སྨན་ངོ་གཟུང་བའི་སྐབས་སུ། གླ་རྩི་གྲོ་ཡི་ཚིག་མ་འདྲ། ཞེས་གསུངས་པ་ལྟར་རོ། །
༢ སོར་མོས་རེག་པའི་སྒོ་ནས་བརྟག་པ།
རྒྱུད་རྡོ་རྗེ་མཁའ་འགྲོ་ལས། གང་ཞིག་མཉེས་ན་ཀེ་ཏ་ཡི། །དྲི་ལྟ་བུ་ཡི་ངད་ལྡན་ཞིང་། །ཁ་དོག་དག་ནི་ཤིན་ཏུ་སེར། །མྱང་ན་ཁ་དང་ཚ་བའི་རོ། །མཉེས་ན་སྣུམ་ཞེས་དང་། དྲང་སྲོང་ཞལ་ལུང་ལས། རི་དྭགས་ལུས་ལས་བྱུང་བའི་དྲི། །མཁས་པས་ཡིས་ནི་བརྟག་བྱ་སྟེ། །ལག་པའི་མཐིལ་དུ་ཆུ་བླུགས་ནས། །དེ་ཡི་ནང་དུ་བཞག་པར་བྱ། །སྐད་ཅིག་གིས་ནི་དམར་པོའམ། །ཆུ་ཡི་ཁ་དོག་སེར་མཐོང་ན། །དེ་ནི་བཅོས་མ་ཤེས་བྱ་སྟེ། །རིན་ཐང་བསྐྱེད་པ་མི་བྱའོ། ། ཞེས་གསུངས་པ་བཞིན། གོང་ལྟར་ཆུ་ཐིགས་ཕྲན་བུ་དང་མཉམ་དུ་ལག་དཀྱིལ་དུ་བསྣུར་ན་འཕྲལ་དུ་དམར་པོ་དང་སེར་པོར་མི་འགྱུར་བ་ཞུ་འགྲོ་བ་དང་རྩི་ཕྱེ་ཕྲན་བུ་ལག་དཀྱིལ་དུ་བཞག་ནས་མཐེབ་མོས་བསྣུར་ན་ཚོས་གཞི་གཞན་འགོས་རྒྱུ་མེད་པ་དང་ལག་པར་མི་འབྱར་བར་ངང་གིས་འདྲིལ་ནས་ཡལ་འགྲོ་བ་ནི་ལྷད་གཞན་མེད་པར་མྱོང་བས་གྲུབ། གཞན་ཡང་རྩི་ལ་གླ་མཆིན་དང་མིས་བཟོས་གླ་རྩི་སོགས་ཀྱི་བསྲེ་བསླད་མང་བས་ལེགས་པར་བརྟག་ཤེས་པ་གལ་ཆེ།
༣ སྣ་ཡིས་དྲི་སྣོམ་པའི་སྒོ་ནས་བརྟག་པ།
དྲི་མ་ནི་སྨན་རྫས་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན། ལྷག་པར་དུ་གླ་རྩི་དང་ཙན་དན་དཀར་པོ་གུ་གུལ་སོགས་ནི་དངོས་པོ་རང་ལ་ཡོད་པའི་དྲི་ལ་བརྟག་དགོས་པ་མ་ཟད་མེར་བསྲེག་པའི་དྲི་ལ་བརྟེན་ནས་དབྱེ་འབྱེད་བྱེད་རྒྱུ་ནི་ཆེས་མཇུག་མཐའ་མའི་གཏན་འབེབས་ཀྱི་བརྟག་ཐབས་གལ་ཆེན་ཞིག་ཡིན། དེ་ལྟར་གླ་རྩིའི་རང་བྱུང་དྲི་ནི་ལག་ཏུ་བླངས་མ་ཐག་དྲི་མ་ངར་ཞིང་ཁྱབ་ཆེ་ལ་གླ་བ་དེའི་ཤ་ཡང་རྩིའི་དྲི་མས་ཁྱབ་པས་ཟ་མི་ཐུབ་པ་འབྱུང་བར་བཤད་པ་དེ་ཤིན་ཏུ་བཟང་། མིང་དོན་བརྡ་སྤྲོད་རྣམ་ལྔ་ལས། གླ་རྩི་འཇམ་མཁྲེགས་དྲི་ཆེ་བཟང་།།ཞེས་གསུངས་པ་དང་། མེ་ལ་བསྲེགས་ནས་དྲི་ལ་བརྟག་པ་ནི་གོང་ལྟར་གཤའ་ཤོག་ཐོག་བཞག་ནས་མེས་བསྲེགས་མ་ཐག་དྲི་ཞིམ་ཕྱོགས་བཞིར་འཐུལ་ཞིང་སྤུ་དང་ཤ་སོགས་བསྲེག་པའི་དྲི་ངན་མེད་པ་ནི་དངོས་ཡིན་ནོ།།མྱོང་བ་དངོས་ལས་དེང་སང་གི་མིས་བཟོས་གླ་རྩི་ནི་མདོག་དང་དབྱིབས་སོགས་འདྲ་མཚུངས་ཡོད་ཀྱང་དྲི་ཅུང་ཞན་ལ་ལྷག་པར་མེར་བསྲེག་དུས་གླ་རྩི་དངོས་ཀྱི་དྲི་ལྟར་ཞིམ་པོ་མེད་པར་སྣང་།
༣ ལྕེ་ཡིས་རོ་མྱོང་བའི་སྒོ་ནས་བརྟག་པ།
རྒྱུད་རྡོ་རྗེ་མཁའ་འགྲོ་ལས། མྱོང་ན་ཁ་དང་ཚ་བའི་རོ།།ཞེས་གསུངས་པ་བཞིན་ཁོ་བོའི་མྱོང་བར་རྩི་ཕྱེ་ཕྲན་བུ་ལྕེ་ཐོག་ཏུ་བཞག་ནས་མྱོང་བའི་ཚེ་ཐོག་མར་རོ་ཁ་ལ་ཆབས་ཅིག་ཏུ་སྣ་སྦུགས་དང་མིད་པའི་ཕུགས་སུ་དྲི་ཞིམ་འཐུལ་ཞིང་དེ་ནས་རིམ་བཞིན་ཁ་ལྕེ་ཚང་མ་ཚ་ཞིང་ཅུང་མངར་བའི་ཚོར་སྣང་དང་ལྡན་པའོ། །
གསུམ་པ། གླ་རྩིའི་འབྱུང་ཁུངས་ཀྱི་ཡུལ་ལ་བརྟག་ནས་གླ་རྩི་བཟང་ངན་དབྱེ་བ།
བཟང་ངན་དབྱེ་བ་ཡང་། རྒྱུད་རྡོ་རྗེ་མཁའ་འགྲོ་ལས། དཀར་པོ་དང་ནི་དམན་[དམར་]པོ་དང་། །ཁྱད་པར་དུ་ནི་སེར་པོ་སྟེ། །དེ་རྣམས་དབྱེ་བར་བཤད་པར་བྱ། །མཆོག་དང་དམན་དང་བར་མ་ཡིན། །ཞེས་གསུངས་པ་ལྟར་དང་། ཤེལ་ཕྲེང་ལས། རིགས་ལ་བརྟག་པ་ནི། གླ་བར་དབྱེ་ན་གླ་ནག་དང་། གླ་སྐྱ་གཉིས་ཏེ། གླ་ནག་ནི་ནགས་ནང་དུ་གནས་པའི་གླ་བ་སྔོ་ནག་གཟུགས་ཆུང་ལ་ཐང་ཤིང་གི་རྩེ་སྟོད་ལ་ཉེ་བར་འཛེགས་མཐར་བ། དེ་ལ་རྩི་ཤིན་ཏུ་ཆེ་ལ་དྲི་མ་ངར་ཞིང་ཁྱབ་ཆེ་བ། རྩི་ཁའི་སྤུ་དམར་སེར་ཤིན་ཏུ་ཕྲ་བ། ཤི་བའི་ཤ་ཡང་རྩིའི་དྲི་མས་ཁྱབ་པས་ཟ་མི་ཐུབ་པ་འབྱུང་བར་བཤད་པ་དེ་ཤིན་ཏུ་བཟང་། གླ་སྐྱ་ནི་དཀྱུས་མ་ཡིན། ཡུལ་ལ་བརྟག་པ་ནི། སྐམ་ཤས་ཆེ་ལ་ཤིང་ཕུར་མང་བ་དང་རྩ་ངན་སྐྱེ་སའི་གླ་རྩི་བཟང་།དེ་ལས་ལྡོག་པའི་ཡུལ་ནི་ངན་པ་ཡིན། ཞེས་དང་། དྲང་སྲོང་ཞལ་ལུང་ལས། གླ་སྐྱ་གླ་ནག་གཉིས་ལས། ཕྱི་མའི་རྩི་བཟང་སྟེ་རྩི་རྡོག་ཆེ་ཞིང་དྲི་ངར་བ་ཡིན་ལ་རྩི་རིལ་རྡོག་གཅིག་མ་ནི་ཤིན་ཏུ་བཟང་། རྩི་རིལ་སྲན་མ་ཙམ་མང་པོ་ཡོད་པ་འབྲིང་། རྩི་རིལ་མེད་པ་རྩི་ཉོབ་ཕྱེ་མ་ངན་པའོ། །ཞེས་གསུངས་སོ། །མེས་པོའི་དགོངས་རྒྱན་ལས། གླ་རྩི་ནི་སྨན་ངོ་གསལ་བྱེད་དུ་འབྲུམ་པ་ཅན་བཟང་ངོ་།། ཞེས་དང་ཡང་དེ་ཉིད་ལས།བཟང་ངན་ཡང་མཁའ་འགྲོ་རྒྱ་མཚོར་ཡང་ལ་སྣུམ་པ་གླ་རྩི་མཆོག།ཅེས་གསུངས་པ་ལྟར་གླ་བའི་རིགས་ལ་བརྟག་ན་གླ་ནག་དང་གནས་གྱི་དབང་དུ་སྐམ་ཤས་ཆེ་ལ་ཤིང་ཕུར་མང་བ་དང་རྩྭ་ངན་སྐྱེ་སའི་གླ་རྩི་བཟང་། གླ་རྩི་ནང་དངོས་ལ་བརྟག་པ་ནི་རྩི་རྡོག་ཆེ་ཞིང་དྲི་ངར་བ་མདོག་སེར་པོ་ཡིན་ལ་རྩི་རིལ་རྡོག་གཅིག་མ་ནི་ཤིན་ཏུ་བཟང་། རྡོག་པོ་གཅིག་ཏུ་འདྲིལ་བ་འོད་དང་ལྡན་པ་ནི་གླ་བའི་ནོར་བུ་ཞེས་རིན་པོ་ཆེའི་ཁོངས་སུ་བསྟན་པའང་སྣང་ངོ་། །
བཞི་པ། གླ་རྩི་ལེན་ཐབས་དང་ཉར་ཚགས་བྱེད་ལུགས།
གླ་བ་ནི་རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་ཀྱི་ཁོངས་གཏོགས་རིན་ཐང་ཆེ་བའི་སྲོག་ཆགས་ཀྱི་རིགས་ཤིག་ཡིན་ཏེ་ཚེ་ཚད་ལོ་ངོ་༡༣གཡས་གཡོན་ཡིན། དེ་ལྟར་མཁས་དབང་དགའ་བའི་རྡོ་རྗེ་མཆོག་གིས་གསུངས་པ་བཞིན་སྔོན་མའི་སྲོལ་ལྟར་གླ་བ་བསད་ནས་གླ་རྩི་ལེན་པ་ནི་གཅིག་ནས་སྲོག་གཅོད་པའི་སྡིག་པ་ཤིན་ཏུ་ཆེ་བ་དང་། གཉིས་ནས་གླ་བའི་སྐྱེ་འཕེལ་གྱི་གྲངས་ཚད་ཉུང་བས་མཐར་གླ་བའི་རིགས་བརྒྱུད་འཆད་པའི་ཉེན་ཆེ་བར་བརྟེན། གླ་བ་གསོད་རྒྱུར་བཀག་འགོག་དང་། གླ་གསོན་པོ་ལས་གླ་རྩི་ལེན་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། དེ་ཡང་ཐོག་མར་ལོ་གསུམ་སོན་པའི་གླ་ཕོ་ཐབས་ཀྱིས་བཟུང་ནས་གན་རྐྱལ་དུ་བསྡམས་ཏེ། ལག་གཡོན་པས་རྩི་རྡོག་བརྟན་པོར་མནན་ལ་རྩི་ཁོག་གི་ཁ་ཕྱེས་ཐོག་ལག་གཡས་པས་རྩི་ཐུར་དལ་བུས་སྒྲིམ་པས་གླ་རྩི་འོང་། རྩི་པགས་ཀྱི་ནང་ངོས་དང་རྩི་ཁུང་གི་ཁ་བཅས་ལ་སྣད་སྐྱོན་མ་ཤོར་བར་བྱེད་རྒྱུ་གལ་ཆེའོ། །དུས་ནི་སྤྱིར་བཏང་ལོ་རེར་དཔྱིད་དུས་ཐེངས་རེ་ལེན་པའམ་སྟོན་དཔྱིད་ཐེངས་གཉིས་རེ་ལེན་པའང་ཡོད། ཉར་ཚག་བྱེད་ལུགས་ནི། ཤེལ་ཕྲེང་ལས། འདི་ཡང་དྲིའི་ལས་བྱེད་པ་ཡིན་པས་དྲི་མ་ཡལ་བར་བཅུག་ལ་ཁ་སྤྲ་ཚིལ་གྱིས་བཀག་ནས་ཉར་ཚགས་དགོས་པར་བཤད། བུམ་རྫས་དང་ཀླུ་སྨན་སོགས་ལ་རེག་མི་རུང་། ཞེས་གསུངས་པ་དང་། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས། འདི་ཤེལ་བུམ་དང་ལྕགས་པར་སོགས་རླུང་ཐུབ་པའི་སྣོད་དུ་དྲི་མི་འཆོར་བར་ཚགས་དམ་པོར་བྱ་བ་དང་། བྱུ་རུ་ལས་བཟོས་པའི་རྒྱན་ཆས་ཀྱི་རིགས་ལ་འདིའི་དྲིས་ཕོག་ན་གས་ཆག་འགྲོ་བས་འཛེམས་པར་རིགས་སོ།། ཞེས་གསུངས་པ་བཞིན་ཤིང་ཀུན་དང་ག་བུར་གླ་རྩི་སོགས་ནི་དྲིའི་ནུས་པ་གཙོ་ཆེ་བས་དེང་སང་ཤེལ་བུམ་ཁ་དམ་པོར་རླུང་ཐུབ་པའི་སྣོད་དུ་བཅུག་ལ་ཕྱི་ནས་སྣོམ་ཚེ་དྲི་མི་བྲོ་བར་སྨན་གཞན་ལ་དྲི་མི་འགོས་པར་དམིགས་བསལ་གྱི་ལྕགས་སྒམ་ལྟ་བུའི་ནང་ཉར་ཚགས་བྱེད་དགོས། ། ཅེས་གསུངས་པ་ལྟར་རོ།།
མཇུག་བསྡུ་བ།
མདོར་ན་གཞུང་ལུགས་ནི་ལག་ལེན་གསལ་བྱེད་ཀྱི་མཛུབ་ཁྲིད་ཡིན་ལ། ལག་ལེན་ནི་གཞུང་ལུགས་གསལ་བྱེད་ཀྱི་འབྲས་བུ་ཡིན་པས་བོད་ལུགས་གསོ་རིག་གི་ནད་ཐོག་རིག་པ་དང་སྨན་སྦྱོར་རིག་པ་ནི་གཞུང་ཙམ་མིན་པར་དངོས་སུ་དོན་ཐོག་འཁྱོལ་བར་དགོས་པས་ཐོག་མར་རིག་གཞུང་ཆ་ཚང་མཐར་ཕྱིན་པར་བསླབས། དེ་ནས་རིམ་བཞིན་དགེ་རྒན་གྱི་ལག་ལེན་དམར་ཁྲིད་ལ་བརྟེན་ནས་རང་ཉིད་དངོས་ཀྱིས་ཉམས་སུ་མྱོང་དགོས་པས་གཞུང་དང་ལག་ལེན་གཉིས་ཟུང་འབྲེལ་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་འགག་རྩ་ཞིག་ཏུ་འཁུམས། ལར་རང་ཉིད་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན། བླང་དོར་འབྱེད་པའི་བློ་གྲོས་སོགས་ཀྱིས་དབེན་པས་ནང་དོན་འགལ་འཁྲུལ་མི་ཉུང་བ་ཡོད་སྲིད་པས་མཁྱེན་ལྡན་རྣམས་ཀྱིས་རིན་བྲལ་སྐྱོན་བརྗོད་ཡོད་པར་ཞུ།། །།
དཔྱད་གཞི་ཡིག་ཆ།
༡ གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་རྒྱུད་བཞི། [ M ] བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་།1992ལོར།
༢ མིའི་ཉི་མ་མཐོང་བ་དོན་ལྡན་སོགས་ཀྱིས་མཛད་པའི་སྔོ་འབུམ་སྨན་གྱི་གཏེར་མཛོད། [M]མི་རིགས་དཔེ་སྐྲུན་ཁང་། 2006 ལོར།
༣ དར་མོ་སྨན་རམས་པ་བློ་བཟང་ཆོས་གྲགས་ཀྱིས་མཛད་པའི་མེས་པོའི་དགོངས་རྒྱན། [M] མི་རིགས་དཔེ་སྐྲུན་ཁང་།
༤ དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་མཛད་པའི་ཤེལ་གོང་ཤེལ་ཕྲེལ་ཕྲེང་། [M]མི་རིགས་དཔེ་སྐྲུན་ཁང་། 1986ལོར།
༥ ཁྲོ་རུ་ཚེ་རྣམ་གྱིས་མཛད་པའི་།འགྲེལ་ཆེན་དྲང་སྲོང་ཞལ་ལུང་། [ M ] སི་ཁྲོན་མི་རིགས་དཔེ་བསྐྲུན་ཁང་། 2001ལོར།
༦ མཁས་དབང་གོ་འཇོ་དབང་འདུས་ཀྱིས་མཛད་པའི་གཡུ་ཐོག་དགོངས་རྒྱན། [ M ] མི་རིགས་དཔེ་སྐྲུན་ཁང་།
༧ དགའ་བའི་རྡོ་རྗེས་མཛད་པའི་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་། [ M ] མི་རིགས་དཔེ་སྐྲུན་ཁང་།1995ལོར།