ཐར་ནུའི་ངོས་འཛིན་དང་ལས་སྣོན་སྐོར་ལ་དཔྱད་པ།
བདེ་ཆེན་མཚོ། བོད་ལྗོངས་སྨན་རྩིས་ཁང་།
ནང་དོན་གནད་བསྡུས། དུས་འདིར་མདོ་དབུས་ཁམས་གསུམ་ན་སྦྱོང་བྱེད་བཤལ་གྱི་ལག་ལེན་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱི་ལས་ལ་བརྩོན་བཞིན་ཡོད་མོད།དེ་ལས་སྦྱོང་སྨན་གཙོ་བོ་ཐར་ནུའི་ངོས་འཛིན་འདྲ་མིན་སྣ་ཚོགས་ཤིག་མཆིས་པས། འདིར་དམ་པའི་ཉམས་མྱོང་ལས་ཐར་ནུའི་ངོས་འཛིན་དང་དུག་འདོན་སྐོར་ཅུང་ཙམ་བཤད་པར་བྱའོ། །
གནད་ཚིག ཐར་ནུ། སྦྱོང་། ངོས་འཛིན། དུག་འདོན།
----------------------------------------------------------------------------------
ས་བཅད་དང་པོ། ཐར་ནུའི་ངོས་འཛིན་སྐོར་ལ་དཔྱད་པ།
གཅིག མིང་གི་རྣམ་གྲངས།
དྲ་བནྟི། ཀུམྦྷ། ཏ་ཉེ་རོ། ཀ་མོ་ཉ། བྱི་ཏི་པ་ཏྲ།ཧི་རྦཾ། སྭ་སྟི། ད་དི་སིབ། འོ་མ་འཛིན། ནུ་ཞོ་འཛག་པའི་བཙུན་མོ། གསེར་སྦྲུལ་འོ་མ། འོ་མ་སྙིང་ཁྲག ཁྲོན་ཆེན་པ། སྙིང་ཁྲག་ཅན། རེག་འཇོམས། གབ་པ་ཕྲུམ། དངུལ་ཟིལ་ཅན། ནད་འཇོམས། དངུལ་གྱི་ཕྲོམ་ཕྲོམ། སེ་ཞོ།སའི་ཞོ་ཆེན། གླང་ཆེན་ཁྲི་འཕང་། རེ་འབྱམས་ནག་པོ། སྙིང་ཁྲག་ཁོལ་མ། ལུང་གི་དུར་བྱིད།
གཉིས། དབྱེ་བ།
འདི་ལ་དབྱེ་ན་ཐར་ཆེན་དང་ཐར་ཆུང་གཉིས་ཡོད། ཐར་ཆུང་ནི་མིང་གཞན་ལ་ཁྲོན་བུ་ཟེར་ཞིང་དེ་ཡང་སྦྱོང་སྨན་གྱི་གཙོ་བོ་ཞིག་གོ །
གསུམ། འབྱུང་ཁུངས་བཤད་པ།
འདི་ནི་བོད་ལྗོངས་ཀྱི་ས་ཆ་མང་ཆེ་བ་དང་མཚོ་སྔོན་ཀན་སུའི་ས་ཆ་འགའ་ཤས།མཐོ་ཚད་སྨི་1500-3550བར་གྱི་ཁ་སྨད། གྲོག་རོང་། གཡའ་ཤག སྲག་རལ། གྲམ་ཐང་བཅས་བྱེ་ཤས་ཆེ་བའི་སར་འཁྲུངས་ཤིང་ཐོན་འབོར་མང་། ལྷག་པར་སྦྱོང་གི་སྐབས་སུ་མཐོང་བ་གསུམ་ལྡན་དགོས་ཏེ་མན་ངག་བྱེ་བ་རིང་བསྲེལ་ལས།①རི་མཐོ་ས་ནི་མཁྲེགས་ཤིང་ཆུ་རྒྱུན་ཡང་། །དྲག་པོ་འབབ་མཐོང་དེ་ཉིད་དགུན་སྟོད་དུས། །བརྐོས་པའི་ཐར་ནུ་བརྒྱད་འགྱུར་བ་ཆུར་བཙོ། །ཁུ་བ་རང་ཐུམ་གྲིབ་མར་སྐམ་པ་དེ། །དེ་ཉིད་ཉེས་པ་རྣམ་སྦྱོངས་གཙོ་བོའི་སྨན། །ཞེས་དང་། ཤེལ་ཕྲེང་ལས།②ཕའི་གངས་དཀར། བར་གྱི་བྱང་བལྟའི་ཆུ་བོ་བྲག་འབེབ། མདའི་གཙང་ཆེན་རྣམས་མཐོང་ས་ནས་བརྐོ་ལ་དུག་འདུལ་དགོས་སོ། །ཞེས་གསུངས་པས་འདིར་གཙོ་བོ་རྟེན་འབྲེལ་གྱི་ནུས་པར་རག་ལས་སོ། །
བཞི། སྐྱེ་དབྱིབས་བཤད་པ།
སྐྱེ་ཚུལ་ནི་རྩ་བ་སྦོམ་ལ་རིང་བ་ཀ་ཟླུམ་དང་འདྲ་བ།མདོག་ཁམ་ནག་རྩ་ཕྲན་ཡོད་མེད་ངེས་གཏན་མེད། གཏིང་རིང་པོར་ཟུག་པ། བར་ཤུན་དཀར་པོ། བཅད་ཁ་འོ་མ་འཛག་པ་སོགས་ཀྱི་ཁྱད་ཆོས་ལྡན། སྡོང་པོ་མདོག་དམར་སྨུག་ཕྲ་ལ་རིང་ཞིང་འདྲོང་བ་ཁ་ཤས་མཉམ་དུ་ཕོན་པོར་སྐྱེ་བས་སྲན་མའམ་རེ་ལྕག་འདྲ། སྡོང་བོར་སྤུ་དཀར་འཇམ་ཐར་ཐོར་ཡོད་ལ་བཅད་ཁར་འོ་མ་འབབ། མཐོ་ཚད་འམ་མདའ་ཚད་ཙམ། ཡང་ན་མཐོ་རེའམ་རྐང་རེ་ཙམ། སྤྱིར་བཏང་དུ་ཡལ་ག་མེད་ཅིང་རེ་འགར་ཡལ་ག་ཡོད་པའང་ཡོད། ངར་པ་མཐོ་ཚད་སྨི་0.2-0.7ཙམ་ཟིན་པ། ཉི་འོད་ཕོག་ཆེ་སར་རིམ་བཞིན་དམར་པོར་འགྱུར་བ། རྩེར་ཡལ་ཕྲན་བཞི་ལྔ་ཙམ་གདུགས་དབྱིབས་སུ་གྱེས་པ་ཕུང་པོར་སྐྱེ་བ། ལོ་མ་ནི་དབྱར་ནས་སྟོན་བར་དུ་སྔོ་ལྗང་ནས་སེར་པོ་དང་དེ་ནས་དམར་པོར་འགྱུར་ལ་མཐའ་དང་རེག་བྱ་འཇམ་པ་དབྱིབས་ཁྱིའི་ལྕེ་འདྲ་བ་རེས་མོས་སྐྱེ་བ། མེ་ཏོག་ལྗང་སེར་ཀོང་བུའི་དབྱིབས་ཞིབ་པ་ཡལ་བའི་རྗེས་སུ་འབྲས་བུ་ལྗང་གུ་སྲ་རིལ་སུམ་འབྱར་ཅན། རྩ་ལོ་ངར་པ་གང་ནས་བཅད་ཀྱང་འོ་མ་འབབ་པ། ལྷག་པར་དུ་སྦྱོང་སྨན་གྱི་སྐབས་སུ་རྩ་བ་སྦོམ་ལ་འཛེར་ལག་དང་བཅས་པ་ངན། རྩ་བ་ཕྲ་ཞིང་རྐང་གཅིག་འཇམ་ལ་རིང་བ་ནི་མཆོག་ཡིན་ནོ། །
ལྔ། འཐུ་བསྡུ་བཤད་པ།
སྨན་འདི་ནི་གཙོ་བོ་རྩ་བ་སྨན་དུ་གཏོང་དགོས་པས་དཔལ་ལྡན་རྒྱུད་བཞིར།③བཏུ་དུས་རྩ་བ་ཡལ་ག་སྡོང་པོ་གསུམ། །སྡོང་པོའི་རིགས་ཡིན་རུས་རྩ་ཤ་ནད་སེལ། །སྟོན་ག་རྩི་སྐམ་དུས་སུ་བཏུ་བར་བསྔགས། །ཞེས་དང་། བཤལ་སྨན་རྩི་སྐམ་ནུས་པ་གཏིང་འགྲོའི་དུས། །ཞེས་གསུངས་པས་བཤལ་སྨན་རིགས་གང་ཡིན་ཡང་སྟོན་མཇུག་ནུས་པ་གཏིང་འགྲོའི་དུས་སུ་བཏུ་དགོས་པ་དང་། གཞན་ཡང་མན་ངག་བྱེ་བ་རིང་བསྲེལ་④དུ་དགུན་སྟོད་ཀྱི་དུས་སུ་བཏུ་བར་གསུངས་པས་ཅུང་མི་འདྲ་མོད། ཡིན་ཡང་ལག་ཏུ་ལེན་པ་ལ་བླ་མའི་ཞལ་གདམས་གྱི་ཁ་མ་བསྐངས་པར་གཞུང་ཚིག་རྐྱང་པར་བསྟན་ན་ཅུང་གབ་ཡོད་པས། འོལ་ཚོད་དམ་རང་བཟོ་བྱས་ན་ནམ་ཡང་འགྲུབ་པ་མ་ཡིན་པས་རྒན་ལགས་ཀྱིས་ཕྱག་ལེན་ལྟར་ཟླ་དགུ་བ་སྟེ་དགུན་སྟོད་ཀྱི་དུས་སུ་བཏུ་དགོས།
དྲུག སྨན་རྫས་ཀྱི་རོ་ནུས་བཤད་པ།
འཁྲུངས་དཔེ་གཡུ་ཡི་ཕྲེང་བ་ལས།⑤རོ་ནི་ཚ་ལ་བཤལ་བ་སྟེ། །ནུས་པ་རྔོ་དང་ཐོར་བ་འཇོམས། །ཞེས་དང་། རིན་པོ་ཆེའི་རོ་ནུས་ཞུ་རྗེས་ཞེས་པར།⑥ཐར་ནུ་རོ་ནི་ཁ་ཞིང་ཅུང་ཟད་མངར། །ཞུ་རྗེས་བསིལ་ཡིན་གཉན་ནད་ཚ་གྲང་སྦྱོང་། །ལྤགས་ནད་ཆུ་སེར་ཕྱི་རུ་འདྲེན་པར་བྱེད། །ཅེས་གསུངས་ལ་མདོར་ན་ཐར་ནུའི་རོ་ལ་མྱང་བའི་ཁ་ཞིང་ཅུང་ཟད་མངར་བ་དང་ངོ་བོ་དྲོད་ལ་ཞུ་རྗེས་བསིལ། ནུས་པས་ཐུར་དུ་སྦྱོང་བ་དང་ཆུ་འགགས་འབེབས། གཉན་ཚད་གཅོག་པར་བྱེད་དོ།
བདུན། ཕན་ནུས་དང་གཙོ་བཅོས་བཤད་པ།
ཤེལ་གོང་ལས།⑦དུར་བྱིད་ཐར་ནུས་ཚ་གྲང་ནད་ཀུན་སྦྱོང་། །ཞེས་དང་ལྗོན་ཤིང་ལས། ཐར་ནུ་རྩུབ་ཅིང་དྲོ་བ་ཡིན། །ཁྱད་པར་འདྲེན་ལ་ཞུ་རྗེས་ལྕི། །འདི་ཡི་རྩ་བའི་ལྷག་པ་ཐུབ། །ཞེས་དང་། རང་བྱུང་བས།⑧ཐར་ནུས་གཉན་རྣམས་སྦྱོང་བ་ཡིན།།ཞེས་སོགས་གསུངས་པས་མདོར་ན་ཐར་ནུ་ལ་ནད་ཀུན་ཐུར་དུ་འདྲེན་པར་བྱེད་པའི་ནུས་པ་ལྡན་ནོ། །
བརྒྱད། བསྟེན་ཚུལ་དང་ཐུན་ཚད་བཤད་པ།
བསྟེན་ཚུལ་ནི་ཐང་ཕྱེ་རིལ་བུ་ལྡེ་གུ་སོགས་གང་རུང་བྱས་ན་འགྲིག་མོད་ཁཎྜ་ནི་མཆོག་ཡིན་ལ། སྨན་གང་ཡིན་ཡང་ཁཎྜ་ཕབས་རྗེས་ནུས་པ་རྣོ་ལ་འཇམ་པ་སྟེ་དཔལ་ལྡན་རྒྱུད་བཞི་ལས།⑨རྣ་མ་ཚིག་པའི་ཁཎྜ་རྣོ་ལ་འཇམ། །ཞེས་གསུངས་པས་སོ། །ཐུན་ཚད་ནི་ནད་ཀྱི་སྟོབས་དང་ཟུངས་ལ་དཔགས་ནས་བཏང་དགོས་སོ། །
ས་བཅད་གཉིས་པ། ཐར་ནུའི་དུག་འདོན་སྐོར་ལ་དཔྱད་པ།
དེའུ་དམར་བས།⑩ཐར་ནུ་འདུལ་ཐབས་བདུན་ལ་དུག་ལེན་གཅིག །ཅེས་གསུངས་པ་ནང་བཞིན་ནད་གཞི་མི་འདྲ་བར་ཐར་ནུའི་འདུལ་ལུགས་ཡང་མི་འདྲ་བ་བདུན་ཡོད་པ་དང་དུག་ལེན་ནི་གཅིག་སྟེ་རིམ་བཞིན་གཤམ་གསལ་ལྟར་རོ། །
གཅིག འཇམ་འདུལ།
ཐར་ནུའི་བརྒྱད་འགྱུར་གྱི་བའམ་མཛོ་མའི་འོ་མར་ར་ཤ་ཏུམ་གཅིག་འཕང་ནས་མ་ཚིག་མ་འདྲེགས་པར་ཁུ་བ་ཕྱེད་སྐེམ་ཏེ་དུག་ལེན་ར་ཤ་བཏོན་ལ་ས་འོག་ཏུ་སྦ། སྲོག་ཆགས་གང་གི་ཁ་ལ་མ་སོང་བ་གཅེས། ཁུ་བ་འཐག་ལ་རང་ཐིམ་སྐེམ་པར་བྱས་པ་ནི་བད་ཀན་ཅན་གྱི་ནད་ལ་བསྔགས།
གཉིས། རྣོ་འདུལ།
ཐར་ནུའི་བརྒྱད་འགྱུར་གྱི་ཆང་དུ་ར་ཤ་ཏུམ་གཅིག་འཕང་ནས་མ་ཚིག་མ་འདྲེགས་པར་ཁུ་བ་ཕྱེད་སྐེམ་ཏེ་དུག་ལེན་ར་ཤ་བཏོན་ལ་ས་འོག་ཏུ་སྦ། སྲོག་ཆགས་གང་གི་ཁ་ལ་མ་སོང་བ་གཅེས། ཁུ་བ་འཐག་ལ་རང་ཐིམ་སྐེམ་པར་བྱས་པ་ནི་སྐྲན་གྱི་ནད་ལ་བསྔགས།
གསུམ། བཟང་འདུལ།
ཐར་ནུའི་བརྒྱད་འགྱུར་གྱི་ཆང་ལ་ཤ་ཆེན་བཏབ་པ་དང་དུག་ལེན་ལ་ར་ཤ་ཏུམ་གཅིག་འཕང་ནས་མ་ཚིག་མ་འདྲེགས་པར་ཁུ་བ་ཕྱེད་སྐེམ་ཏེ་དུག་ལེན་ར་ཤ་དེ་བཏོན་ལ་ས་འོག་ཏུ་སྦ། སྲོག་ཆགས་གང་གི་ཁ་ལ་མ་སོང་བ་གཅེས། ཁུ་བ་འཐག་ལ་རང་ཐིམ་སྐེམ་པར་བྱས་པ་དུག་དང་གག་ལྷོག་གཉན་ལ་བསྔགས་པ་ཡིན།
བཞི། དྲག་འདུལ།
རང་ལས་བརྒྱད་འགྱུར་གྱི་དགེ་སློང་ཁྲིམས་ལྡན་ནམ་ལོ་བརྒྱད་དྲི་ཆུར་ར་ཤ་ཏུམ་གཅིག་འཕང་ནས་མ་ཚིག་མ་འདྲེགས་པར་ཁུ་བ་ཕྱེད་སྐེམ་ཏེ་དུག་ལེན་ར་ཤ་དེ་བཏོན་ལ་ས་འོག་ཏུ་སྦ། སྲོག་ཆགས་གང་གི་ཁ་ལ་མ་སོང་བ་གཅེས། ཁུ་བ་འཐག་ལ་རང་ཐིམ་སྐེམ་པར་བྱས་པ་ནི་གཉན་དང་སྲིན་ལ་བསྔགས་པ་ཡིན།
ལྔ། མྱུར་འདུལ།
བརྒྱད་འགྱུར་གྱི་བ་ཆུར་ར་ཤ་ཏུམ་གཅིག་འཕང་ནས་མ་ཚིག་མ་འདྲེགས་པར་གོང་མ་དག་དང་འདྲ་བར་དུག་འདོན་བྱས་པ་ནི་མཛེ་དང་ཆུ་སེར་དྲེག་གྲུམ་རྐང་འབམ་བཅས་ལ་བསྔགས་པ་དང་། ལྷག་པར་དུ་སྦྱོངས་ཀྱི་སྐབས་སུ་དུག་འདོན་འདི་དགོས་སོ། །
དྲུག ངར་འདུལ།
ར་ཤའི་ཁུ་བར་གོང་ལྟར་བཙོས་པ་ནི་དུག་དང་ཕོ་ལོག་སྲིན་ལ་མཆོག་ཏུ་བསྔགས་པ་ཡིན་ནོ། །
བདུན། རྒྱས་འདུལ།
ཨ་རུའི་ཁུ་བར་སྔོན་མ་དག་དང་འདྲ་བར་ར་ཤ་ཏུམ་གཅིག་འཕང་ནས་བཙོས་པ་ནི་ཁྲག་མཁྲིས་འདུ་བའི་ནད་ལ་བསྔགས་པ་ཡིན།
ས་བཅད་གསུམ་པ། མཇུག་བསྡུ་བ།
དེ་ལྟར་སྨན་རྫས་ངོས་འཛིན་དང་སྦྱོར་བཟོ་སོགས་གཞུང་མང་པོར་བསྟན་ཡོད་མོད། ཡིན་ཡང་ལག་ལེན་དངོས་ནང་བླ་མའི་ཞག་གདམས་ཀྱི་ཁ་མ་བསྐངས་ན་གཞུང་ཚིག་རྐྱང་བར་ཅུང་ཞིག་གབ་པས་འོལ་ཚོད་དམ་རང་བཟོས་བྱས་ན་ནམ་ཡང་སྨན་ནུས་ལེགས་པོ་མི་འགྲུབ་པས་དེང་གི་དུས་འདིར་དར་ཁྱབ་འབྱུང་བཞིན་པའི་སྦྱོང་སྨན་གྱི་གཙོ་བོ་ཐར་ནུའི་ངོས་འཛིན་དང་དུག་འདོན་སྐོར་ལ་དཔྱད་པ་རེ་ཞིག་རྫོགས་སོ། །
དཔྱད་གཞི་ཡིག་ཆ།
༡དཔལ་ལྡན་རྒྱུད་བཞི། གཡུ་ཐོག་ཡོན་ཏན་མགོན་པོ། སྤྱི་ལོ་༢༠༠༦ལོའི་ཟླ་༥པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།③⑨
༢གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ། དེའུ་དམར་བསྟན་འཛིན་ཕུན་ཚོགས། སྤྱི་ལོ་༡༩༩༤ལོའི་ཟླ་༥པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།⑩
༣མན་ངག་བྱེ་བ་རིང་བསྲེལ། ཟུར་མཁར་མཉམ་ཉིད་རྡོ་རྗེ། སྤྱི་ལོ་༢༠༠༥ལོའི་ཟླ་༤པར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།①④
༤ཤེལ་གོང་ཤེལ་ཕྲེང་། དེའུ་དམར་བསྟན་འཛིན་ཕུན་ཚོགས།སྤྱི་ལོ་༢༠༠༥ལོའི་ཟླ་༦པར་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན།②⑦⑧