བཀྲ་ཤིས། ཡུལ་ཤུལ་སྨན་རྩིས་ཁང་

ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་ཁམས་ནང་ཆེན་རྒྱལ་བོའི་མངའ་ཁོངས་འབྲོང་པ་ཨ་འབུམ་རྒྱུད་ཀྱི་བསམ་ཉི་ཟླ་ཁ་རུ་སྐུ་འཁྲུངས་པའི་སྟོང་ནག་བསྟན་འཛིན་རབ་རྒྱས་སྐུ་ཚེའི་མཛད་རྣམ་དང་། དམ་པ་གང་ཉིད་ཀྱིས་སྲོལབཏོད་འི་ཐུན་མིན་གསོ་དཔྱད་ཕྱག་བཞེས་སྟོང་ནག་ལུགས་སུ་གྲགས་པ་དེ་ངོ་སྤྲོད་མདོར་བསྡུས་སུ་གནང་ཡོད།

གནད་ཚིག  སྟོང་ནག་བསྟན་འཛིན་རབ་རྒྱས།  སྟོང་ནག་ལུགས། འབྲོང་སྨན།  

----------------------------------------------------------------------------------

གཡུ་ཐོག་མགོན་པོ་ཐང་རྒྱལ་ལ་སོགས་པ།། རྣམ་ཐར་ཡོངས་རྫོགས་རྗེ་དབོན་འཚོ་བྱེད་མཆོག། སྐྱེ་མེད་སྐྱེ་བའི་གར་སྟོན་རྣམ་པར་འདྲེན།། བསྟན་འཛིན་རབ་རྒྱས་ཞབས་ལ་གསོལ་བ་འདེབས།། ཅེས་འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུངས་བྱིན་རླབས་ཅན་གྱིས་མཆོད་པར་བརྗོད་དེ། གང་གླེང་བར་བྱ་བ་ནི། སྟོང་ནག་བསྟན་འཛིན་རབ་རྒྱས་དང་སྟོང་ནག་ལུགས་ཀྱི་གསོ་བ་རིག་པའི་ཕྱག་ལེན་ངོ་སྤྲོད་ཤིན་ཏུ་མདོར་བསྡུས་སུ་བཀོད་པའོ།

དེ་ཡང་དང་པོ་སྟོང་ནག་བསྟན་འཛིན་རབ་རྒྱས་སམ་ཀརྨ་རིན་ཆེན་དབང་རྒྱལ་ནི། བོད་ཆོལ་ཁ་གསུམ་ལས་མདོ་སྟོད་སྒོམ་སྡེ་ནང་ཆེན་རྒྱལ་བོའི་མངའ་ཁོངས་འབྲོང་པ་ཨ་འབུམ་རྒྱུད་ཀྱི་བསམ་ཉི་ཟླ་ཁའམ་དེང་སྐབས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་སྡོམ་པ་ཞང་སྟོང་ནག་བླ་ཆེན་དགོན་གྱི་གནས་འདིར་ཡབ་འབྲོང་པ་སྦྲ་ཆེན་དཔོན་ཤེས་རབ་དཔལ་ལྡན་དང་ཡུམ་བསོད་ནམས་ལྷ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་ཁྱི་སྟེ་སྤྱི་ལོ་༡༧༣༠ལོར་སངས་རྒྱས་བྱང་སེམས་ཀྱི་མཚན་སྔགས་ཞལ་ནས་བསྒྲོག་པ་སོགས་སྐྱེས་བུ་དམ་པའི་རང་མཚན་མངོན་སུམ་དུ་བསྟོན་བཞིན་སྐུའི་མཚན་དཔེ་བཞད། རྒྱལ་བའི་དབང་པོ་རྗེ་ཀརྨ་པ་བདུད་འདུལ་རྡོ་རྗེས་སྟོང་ནག་བླ་ཆེན་དགོན་ཕྱག་བཏབ་མཁན་སྟོང་ནག་རས་པ་དཀར་པོ་བློ་གྲོས་རྡོ་རྗེའི་དབོན་དབང་རྒྱལ་གྱི་སྐུ་ཕྲེང་བརྒྱད་པར་ངོས་འཛིན་གནང་། འཇམ་དབྱངས་བླ་མ་ཀརྨ་རིན་ཆེན་དབང་གི་རྒྱལ་པོ་ཞེས་པའི་མཚན་གསོལ། རྒྱལ་དབང་མི་བསྐྱོད་རྡོ་རྗེ་དང་། ཞྭ་དམར་ཆོས་ཀྱི་དོན་འགྲུབ། སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་ལྟར་བཀའ་བརྒྱུད་སྤྱི་དང་ཁྱད་པར་ཀརྨ་ཀམ་ཚང་ལ་ཕན་ཐོགས་ཅན་དུ་ལུང་བསྟན། ཡབ་དང་དགོན་པའི་དགོངས་བཞེས་ལྟར་བྱང་ཡངས་པ་ཅན་དུ་ལོ་དྲུག་རིང་གཞུང་བཀའ་པོད་ལྔ་སོགས་མདོ་ཕྱོགས་ཀྱི་གཞུང་རྣམས་ལ་གསན་བསམ་ལེགས་པར་མཛད། སྐབས་གྲྭ་བསྐོར་ལེན་མང་མཛད་པས་རྩོད་པ་ལ་མངའ་མཉེས་པའི་གྲགས་པ་འབར། རྒྱལ་དབང་ཀརྨ་པ་བདུད་འདུལ་རྡོ་རྗེ་དང་བྱམས་མགོན་ཏཱའི་སི་ཏུ་ཆོས་ཀྱི་འབྱུང་གནས་སོགས་སྐྱེས་ཆེན་དམ་པ་རྣམས་ནས་ཤེས་བྱ་སྣ་རེ་ཙམ་ཤེས་པའི་སྐྱེ་བོ་ཕོ་མོ་ཡན་གྱི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་པས་མདོ་སྔགས་ཀྱི་གཞུང་གཙོ་བོར་གྱུར་པའི་བཅུ་ཕྲག་རིག་པའི་འཁོར་ལོ་ལ་མངའ་དབང་བསྒྱུར།སྟོང་ནག་པཎྚི་ཏ་ཞེས་པའི་མཚན་སྙན་གྱི་བ་དན་ཕྱོགས་ཀྱི་སྒེག་མོའི་རྣ་རྒྱན་དུ་གྱུར།གཤེན་རྗེ་དང་རྫོགས་ཆེན་གྱི་མུན་མཚམས་སོགས་སྐུ་མཚམས་ལ་ལོ་བཅུ་ཕྲག་གཉིས་ལས་བརྒལ་བ་བཞུགས། ཆུ་བོ་གྱེན་དུ་བཟློག་པ་དང་། ཕྱག་བྲིས་ཀྱི་ཞལ་ཐང་ལ་ཡེ་ཤེས་པ་དངོས་སུ་ཐིམ་པ། ལྐོགས་གྱུར་གྱི་དོན་རྣམས་བསྒྲིབ་མེད་དུ་གསལ་བ།མི་མ་ཡིན་བྲན་བཞིན་དུ་བཀོལ་བས་རིན་ཆེན་དང་པོ་གསེར་དང་གསང་སྨན་གྱི་མཆོད་པས་མཆོད་པ་སོགས་གྲུབ་པའི་ཉམས་རྟོགས་མཐར་རུ་ཕྱིན་པའི་རྟགས་མཚན་བདག་གིར་བཞེས། འབྲུག་མི་ཕམ་ཕྲིན་ལས་རྒྱ་མཚོ་དང་། འཁྲུལ་ཞིག་གང་ཤར་རང་གྲོལ་ལམ་ཤྭ་བ་རང་གྲོལ།འབྲོང་པ་ཕུན་ཚོགས་རྣམ་རྒྱལ། མགོན་སྤྲུལ་བསྟན་རྒྱས་ཆོས་འཕེལ།ཚན་མཆོག་སྤྲུལ་སྐུ་རྣམ་རྒྱལ་གྲགས་བཟང་། ངག་དགའ་སྤྲུལ་སྐུ། ནང་ཆེན་ཆོས་རྒྱལ་རྡོ་རྗེ་ཚེ་དབང་གི་བླ་སྨན་གོང་པ་ལྷ་མོ་སྐྱབས་སོགས་བསྟན་པ་འཛིན་པའི་སྐྱེས་བུ་མང་པོ་ཐུགས་ཀྱི་སྲས་སུ་བསྐྲུན་ནའང་དེ་ཙམ་གྱིས་ཐུགས་བློ་མ་ཚིམས་ཏེ།ཉིད་ཀྱི་ཞལ་ནས། མདོ་སྔགས་གཞུང་བཤད་གདམས་པ་ཐུན་མོང་མ་ཡིན་པ་ངོ་མཚར་བའི་ཟབ་ཁྱད་ཅན་ཡོད་པ་དག་གི་བརྒྱུད་པ་སྤེལ་བར་བསམ་ཀྱང་།ཆུ་རྡོ་ཆུ་ཡི་ནང་དུ་སྐམ།།ཉ་མོ་རྒྱ་མཚོར་སྐོམ་གྲིར་ཤི།ཞེས་པ་ལྟར་སེམས་ཅན་བསོད་ནམས་དམན་པས་བྱ་ཐབས་བྲལ་གསུངས་ནས་ཐུགས་ཅུང་ཟད་མུག་པའི་བཀའ་བསྩལ།

བདེ་མཆོག་གི་མཆན་འགྲེལ་སོགས་མདོ་སྔགས་ཀྱི་གཞུང་ཆེན་དག་ལའང་འགྲེལ་བ་རྒྱས་བསྡུས་ཅི་རིགས་མཛད། དཀར་ཡོལ་བཟོས་པ་དང་འོད་དཔག་མེད་ཀྱི་སྐུ་གསེར་ལས་བྱས་པའི་ཞལ་ཐང་སྟོང་དང་རྡོ་ལ་སྟོང་བཞེངས་པ། འཇིམ་སྐུ་བྱེ་བ་བཟོས་པ་སོགས་ཀྱིས་མཚོན་པའི་ཐུན་མོང་བཟོ་རིག་གི་ལག་རྩལ་ཡང་ཡང་རྩེར་སོན་པའི་དན་རྟགས་ད་ལྟའང་ངོ་མཚར་བལྟས་མོའི་གསོས་སུ་བཞག དཔོན་ས་དང་དགོན་ས་བརྗེས་ཏེ་ཡུལ་ཁམས་ལ་འཁྲུགས་བརྩོད་མི་འབྱུང་བའི་ལམ་བསྟན། སྟོང་ནག་ལུགས་སུ་གྲགས་པ་གསོ་བ་རིག་པའི་ཐུན་མིག་ཕྱག་ལེན་འབྲོང་སྨན་སྙིང་ཐིག་ཤོག་དྲིལ་མ་བུ་ལེ་ལག་དང་བཅས་པ་སྙིགས་མ་ལྔ་བདོའི་ཉམས་ཐག་ནད་པར་མི་བསླུ་བའི་སྐྱབས་གནས་ཀྱི་མཆོག་དམ་པར་བགོ་སྐལ་དུ་བསྩལ། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱིས། གཡུ་ཐོག་མགོན་པོ་ཐང་རྒྱལ་ལ་སོགས་པ།། རྣམ་ཐར་ཡོངས་རྫོགས་རྗེ་དབོན་འཚོ་བྱེད་མཆོག། སྐྱེ་མེད་སྐྱེ་བའི་གར་སྟོན་རྣམ་པར་འདྲེན།། བསྟན་འཛིན་རབ་རྒྱས་ཞབས་ལ་གསོལ་བ་འདེབས།། ཅེས་གསུངས་པ་ལྟར་རྗེ་བཙུན་གཡུ་ཐོག་པ་ཉིད་ཡུལ་མདོ་ཁམས་སྟོད་དུ་ཕེབས་པ་ལྟ་བུའི་གསོ་བ་རིག་པའི་བསྟན་པ་ལ་མཛད་རྗེས་བླ་ལྷག་ཏུ་བཞག།

མཐར་དགུང་གྲངས་བརྒྱ་དང་བརྒྱད་བཞེས་པ་རབ་བྱུང་བཅུ་བཞི་པའི་ཆུ་ཕག་སྟེ་སྤྱི་ལོ་༡༨༣༨ལོར་དྲུང་འཁོར་ཞལ་སློབ་རྣམས་ལ། ཁོ་བོ་ད་ནི་སྐྱེ་བ་ཆོད་པ་ཡིན། མགོན་ཁང་འདི་ས་ཕུང་དུ་འགྱུར།ལྕི་ར་མ་སྣ་ལ་ས་བོན་འཛུགས།ལྕི་ཆུའི་ཉལ་གདོང་ལ་མ་ཎི་རང་བྱོན་འབྱོན་དུས་ང་ཡི་སྤྲུལ་པ་ཞིག་འབྱོན་ཡོང་། དགོན་པའི་རྩེ་འདིར་འོད་དཔག་མེད་ཀྱི་ལྷ་ཁང་ཞིག་བཞེང་ཐུབ་ན་དགོན་འདིའི་གྲྭ་པ་རྣམས་བདེ་བ་ཅན་དུ་འགྲོ། ཞེས་སོགས་ཞལ་ཆེམས་དང་བསླབ་བྱ་ཞིབ་རྒྱས་གནང་། འཇའ་གུར་དང་ཐིག་ལེ། ཐིག་ཕྲན། མེ་ཏོག་གི་ཆར་སོགས་ཉིན་བཞིན་ཇེ་མང་དུ་ཕྱིན། ཉིན་ཞིག་ང་སང་གི་ཉིན་བདེ་བ་ཅན་དུ་འགྲོ་བ་ཡིན། སེམས་ཅན་སུ་ཡིན་ནའང་ལྷན་དུ་འགྲོ་ཆོག་གསུངས་ཏེ་ཕྱི་ཉིན་གདན་ས་སྟོང་ནག་བླ་ཆེན་དགོན་ནས་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་སོ།།

གཉིས་པ་དམ་པ་དེ་ཉིད་ཀྱིས་སྲོལ་དུ་བཏོད་གནང་བའི་ཐུན་མིན་གྱི་གསོ་བཅོས་ཕྱག་བཞེས་སྟོང་ནག་ལུགས་སུ་གྲགས་པ་དེ་ངོ་སྤྲོད་མདོར་བསྡུས་ཞུས་ན།

སྟོང་ནག་བསྟན་འཛིན་རབ་རྒྱས་ཁོང་ནས་དུས་ཡུན་རིང་པོར་གསོ་དཔྱད་སྨན་བཅོས་ཀྱི་ཕྱག་ལེན་མཛད་པའི་ཉམས་མྱོང་རྣམས་ཕྱོགས་གཅིག་ཏུ་བསྡུས་བསྒྲིག་མཛད་པ་ལ་འབྲོང་སྨན་ཤོག་དྲིལ་མ་བུ་བཅུ་གསུམ་དུ་གྲགས། དེ་ཁོང་གི་ཞལ་སློབ་བརྒྱུད་པ་དང་བཅས་པས་ཕྱག་ལེན་བར་མ་ཆད་པར་གནང་སྟེ་ད་ལྟའི་བར་ལག་ལེན་གྱི་རྒྱུན་རྣམས་མ་ཉམས་པར་ཅུང་ཆ་ཚང་བའི་སྒོ་ནས་གནས་ཐུབ་པ་བྱུང་འདུག་ཀྱང་ཁོང་དངོས་ཀྱིས་མཛད་པའི་རིག་གནས་ཆེ་ཆུང་སྤྱི་དང་ལྷག་པར་དུ་ཤོག་དྲིལ་མ་བུ་བཅུ་གསུམ་གཙོ་བོར་གྱུར་པའི་གསོ་བ་རིག་པའི་བསྟན་བཅོས་མང་པོ་ཡོད་པར་གྲགས་པ་ལས་དུས་དང་ཡུལ་དབང་གིས་རྐྱེན་པས་ད་ལྟ་དངོས་སུ་མཇལ་བྱར་ཡོད་པ་ནི།

༼འབྲོང་སྨན་མཁས་པའི་ཉམས་ཡིག་འཆི་མེད་བདུད་རྩིའི་བཅུད་ལེན།༽ཞེས་པ་ཉེས་གསུམ་གསོ་བ་ནས་དུག་ནད་གསོ་བ་བར་གྱི་ཉམས་ཡིག་ངོ་མཚར་ཅན།

༼འབྲོང་སྨན་སྙིང་ཐིག་གནད་ཀྱི་མན་ངག་ཤོག་དྲིལ་མ་བུ་བཅུ་གསུམ་ལས་གསང་སྨན་སྔོ་ཡི་རྒྱལ་པོ་བདུད་རྩིའི་ཐེངས་སོས་ཀྱི་སྦྱོར་སྡེའི་མན་ངག་མ་ཡིག་ཤོག་དྲིལ་ཏེ་སྤྱི་དོན་ཤོག་དྲིལ་བཅུ་གསུམ་ལེགས་པར་གྲུབ་པའོ།༽ཞེས་པ་སྔོ་ཡི་རྒྱལ་པོ་བདུད་རྩི་ཐེངས་སོས་ལ་བརྟེན་ནས་གཟེར་ནད་དང་རྨ། རུས་ཆག གློ་བའི་ནད། ཁ་འཐོར་གྱི་སྦྱོར་བ་བཅས་ས་བཅད་ལྔ་ཡི་བདག་ཉིད་ཅན།༼འབྲོང་སྨན་སྙིང་ཐིག་གནད་ཀྱི་མན་ངག་ཤོག་དྲིལ་མ་བུ་བཅུ་གསུམ་ལས་གསང་སྨན་སྔོ་ཡི་རྒྱལ་པོ་བདུད་རྩིའི་ཐེངས་སོས་ཀྱི་ངོས་འཛིན་གནད་ཀྱི་ལྡེའུ་མིག་བུ་ཡིག་ཤོག་དྲིལ་གཅེན་པོ་བཞུགས་སོ།༽ཞེས་པ་བདུད་རྩི་ཐེངས་སོས་ཀྱི་བྱུང་ཚུལ།མི་ནོར་བའི་གནད།ནུས་པའི་ཁྱད་ཆོས།ནུས་པ་མི་ཉམས་པའི་གནད་ཀྱི་ལག་ལེན།འཕྲོད་སྦྱོར་གྱི་མན་ངག་བཅས་དོན་ལྔར་བསྡུས་པ་ཅན།

༼འབྲོང་སྨན་སྙིང་ཐིག་གནད་ཀྱི་མན་ངག་ཤོག་དྲིལ་མ་བུ་བཅུ་གསུམ་ལས་གསང་སྨན་སྔོ་ཡི་རྒྱལ་པོ་བདུད་རྩིའི་ཐེངས་སོས་ཀྱི་སྦྱོར་སྡེའི་མན་ངག་ལས་གུད་དུ་སྦས་པའི་བུ་ཡིག་གཅུང་པོ་ལགས་སོ།༽ཞེས་པ་དར་ཡ་ཀན་རབ་གསུམ། འབྲིང་གཉིས། ཐ་མ་གཅིག་བཅས་ཀྱི་ངོས་ཇི་ལྟར་འཛིན་པའི་ཚུལ་བསྟན་པ།

༼འབྲོང་སྨན་སྙིང་ཐིག་གབ་ཀྱི་མན་ངག་བཞུགས་སོ།༽ཞེས་དང་།༼འབྲོང་སྨན་ཟབ་གནད་སྙིང་གི་ནོར་བུ་མན་ངག་བདུད་རྩིའི་ཐིག་པ་ཞེས་བྱ་བ་བཞུགས་སོ།༽ཞེས་པ་དང་།༼འབྲོང་སྨན་སྙིང་ཐིག་མན་ངག་གཅིག་ཏུ་བསྡུས་པ་ལག་ལེན་དགོས་འབྱུང་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།༽ཞེས་པ་དམིགས་གསལ་གྱི་ནད་འགའ་ལ་ཐང་དང་ཕྱེ་མར་འཕྲུལ་འཁོར་ཇི་ལྟར་བསྐོར་ཚུལ་སོགས་བསྟན་པ།

༼འབྲོང་སྨན་སྙིང་ཐིག་མན་ངག་གཅིག་ཏུ་བསྡུས་པ་ལག་ལེན་དགོས་འབྱུང་ནོར་བུའི་ཕྲེང་བའི་ཞལ་ཤེས་གསལ་བར་བཀོད་པའི་བུ་ཡིག་བདུད་རྩིའི་བུམ་པ་ཞེས་བྱ་བ་བཞུགས་སོ།༽ཞེས་པ་གོང་གི་གསང་སྨན་རྣམས་མ་སྦས་པར་གསལ་བར་བཀྲོལ་བ།

༼འབྲོང་སྨན་མཁས་པའི་ཉམས་ཡིག་མན་ངག་མ་བུ་བསྒྲགས་པ་འཆི་མེད་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།༽ཞེས་པ་རླུང་ནད་བཅོས་པ་ནས་ཚེ་བསྲིང་རྒས་པ་གསོ་བའི་བར་གྱི་རྒྱུན་མཐོང་གི་ནད་ཀྱི་གསོ་ཐབས་བསྟན་པ།

༼སྤྱི་དྲིལ་མ་བུ་བཅུ་གསུམ་ལས་བུ་ཡིག་གསང་བའི་ནད་བཤལ་ཀུན་འདུས་ནོར་བུ་བཞུགས།༽ཞེས་པ་གཙོ་བོ་བཤལ་དང་ཞལ་བྱུང་བསྟན་འཛིན་རབ་རྒྱས་ཀྱི་ཞལ་རྒྱུན་འགའ་བཀོད་པ།

༼དུས་ངན་སྙིགས་མའི་འགྲོ་བའི་སྲོག་སྐྱོབས་མན་ངག་གཏེར་གྱི་སྒྲོམ་བུ་ལས་མན་ངག་ཚད་རིམས་སོགས་ཀྱི་ལེའུ་བཤད་པ་རིན་ཆེན་འཕྲུལ་ཤོག་ཅེས་བྱ་བ་བཞུགས་སོ།༽ཞེས་པ་གཉན་གཟེར་གྱི་བཅོས་ཐབས་གཙོ་བོར་བསྟན་པ།

༼འབྲོང་སྨན་སྙིང་ཐིག་ལས་བྱུང་མན་ངག་སྨན་སྦྱོར་འགའ།༽ཞེས་པ་དང་།༼སྲིན་གླང་གཉན་གླང་བཅོས་པའི་མན་ངག་བཞུགས་སོ།༽ཞེས་པ་གཉན་བཅོས་གཙོ་བོར་བསྟན་པ།

༼བྱིས་པའི་ཉེར་སྤྱོད་བཙའ་ཐབས་དང་གསོ་ཚུལ་ཕྱོགས་བསྡུས་བཞུགས་སོ།༽ཞེས་པ་དང་།༼རྣ་རྩ་གསལ་བའི་སྒྲོན་མེ་སངས་རྒྱས་སྨན་གྱི་བླ་ལ་ཕྱག་འཚལ་ལོ།༽ཞེས་པ།༼བྱིས་པའི་ནད་གསོ་བ།༽ཞེས་པ་བྱིས་པའི་སྐོར།

༼མོ་ནད་བཅོས་པའི་མན་ངག་ལས་དུ་མའི་སྦྱོར་བ་ཀུན་ལ་མེད་པའི་མན་ངག་བཞུགས་སོ།༽ཞེས་པ་མོ་ནད་བཅོས་སྐོར།

༼འབྲོང་སྨན་སྙིང་ཐིག་གནད་ཀྱི་མན་ངག་ལས་ཟབ་པའི་གསང་སྨན་རྗེན་པར་བཀོད་པ་བཞུགས་སོ།༽ཞེས་པ་དགོས་འབྱུང་ནོར་བུའི་ཕྲེང་བའི་ཞལ་ཤེས་གསལ་བར་བཀོད་པའི་བུ་ཡིག་བདུད་རྩིའི་བུམ་པ་དང་ཧ་ལམ་ཆ་འདྲ་བ་ཞིག་སོགས་དམ་པ་གང་ཉིད་ཀྱིས་དཔལ་ལྡན་གསོ་བ་རིག་པའི་རྒྱུད་བཞི་ལ་ཁོག་ཕུབས། སི་ཏུ་པཎ་ཆེན་སོགས་དྲང་སྲོང་རིག་འཛིན་བརྒྱུད་པ་དང་བཅས་པ་རྣམས་ཀྱི་མན་ངག་གིས་ལེགས་པར་བརྒྱན། ཁོང་གིས་སྐུ་ཚེ་གང་བོར་མདོ་སྟོད་ཡུལ་གྱི་སྐྱེ་དངོས་བེད་སྤྱོད་གཙིགས་སུ་བཟུང་ནས་དུས་ནད་པརྤ་ཏ་གཙོ་བོར་གྱུར་པའི་བཅོས་སྡུགས་ཀྱི་ནད་རིགས་ལ་འཐབ་རྩོད་བྱས་པའི་ཉམས་མྱོང་རྣམས་ཀྱིས་ཕུན་སུམ་ཚོགས་པར་བྱས་པ་ཞིག་སྟེ། དཔེར་ན་ཟབ་གནད་སྙིང་གི་ནོར་བུ་ལས། རྒྱལ་པོ་བདུད་རྩིའི་ཟིལ་བ་ཅན།། བློན་པོ་འཕྲུལ་གྱི་ལྡེམ་འཕྲུ་ཅན།། བཙུན་མོ་གསེར་གྱི་པ་ཊ་ཅན།། གཞོན་ནུ་ཨུཏྤལ་ཅོད་པཎ་ཅན།། དམག་དཔོན་གཡུ་ཁྲབ་གསེར་རྨོག་ཅན།། དཔའ་བོ་མཐིང་གི་འགྱིང་ཐོད་ཅན།། མཛེས་མ་མགྲོན་བུའི་ཕྲེང་བ་ཅན།། ཕྱག་བསྙན་ཟངས་ཀྱི་ཁ་སྤུ་ཅན།། གང་འདུལ་འཁོར་གྱི་དཔུང་དང་བཅས།། ཁམས་ལྔ་བདུད་རྩིའི་སྨན་བཅུད་རོལ།། ག་བུར་ཟིལ་གནོན་སྦྱོར་བ་འདི།། ཕན་ཡོན་མང་དུ་སྨོས་ཅི་དགོས།། ཕྱི་ནང་སྟོད་སྨད་དོན་སྣོད་ཀྱི།། ཚད་པའི་མེ་དབལ་མཐའ་དག་གསོད།། ཁྱད་པར་རྒྱས་ཚད་སེལ་བའི་མཆོག། གཙོ་ལ་འཁོར་གྱི་ཁ་བསྒྱུར་བ།། ཟངས་རྩི་ཏིག་ཏ་སྔོ་སྒ་བ།། ཨ་བྱག་སྡེབ་པས་མགོ་ཚད་སེལ།། སྤང་རྒྱན་རིགས་གསུམ་ཚར་བོང་དང་།། ཁྱི་ལྕེ་བསྣན་པས་གྲེ་ཚད་སེལ།། ཏང་ཀུན་གཡག་སྙིང་འཕང་མའི་འབྲུ།། སྡེབ་པས་སྙིང་ཚད་སེལ་བར་བྱེད།། སྲོ་ལོ་ཨ་ཀྲོང་སྔོ་ཆབ་འདྲེན།། སྤ་ཡག་སྡེབ་པས་བློ་ཚད་སེལ།། ཨུཏྤལ་ལུག་རུ་རྟེའུ་རྔོག་པ།། རེ་ཀོན་རྩི་དམར་མཆིན་ཚད་སེལ།། ཏིག་ཏ་རྩ་མཁྲིས་དུག་མོ་ཉུང་།། སྐྱེར་ཤུན་སྡེབ་པས་མཁྲིས་ཚད་སེལ།། ལྕུམ་རྩ་སྙ་ལོ་པྲི་ཡང་ཀུ། སྤྲུ་ནག་སྡེབ་པས་ཕོ་ཚད་སེལ།། སྤང་སྤོས་མཚེ་ལྡུམ་སྲད་དཀར་བ།། ལྕུམ་རྩ་བསྣན་པས་མཚེར་ཚད་སེལ།། སྲིང་གཅིག་རྒུ་དྲུས་རྩི་དམར་དང་།། དུག་ཉུང་སྙ་ལོས་རྒྱུ་ཚད་སེལ།། རེ་རལ་སྐྱེར་ཤུན་འོམ་ཤིང་དང་།། ཧ་བོ་བསྣན་པས་དུག་ཚད་སེལ།། འཛིན་པ་སྟག་ཤ་མིང་ཅན་ནག། རྒོད་སྤོས་ལྕགས་ཀྱུས་གཉན་ཚད་སེལ།། དར་མ་ཁྲག་མཁྲིས་ལྡན་པ་ལ།། གཡའ་ཆུ་གངས་ཆུ་གྲང་མོས་ཕུལ།། ཟུངས་ངན་མེ་དྲོད་ཞན་པ་ལ།། སུམ་གཉིས་བསྡུས་པའི་བདུད་རྩི་ཤིས།། རྒས་པ་བད་རླུང་གྲང་བ་ལ།། སྦྱོར་བ་འདི་ནི་ནམ་ཡང་མིན།། རྒྱས་འཁྲུགས་ཚད་རིམས་འབར་བ་ལ།། སླེབས་པས་ཆོག་པའི་བདུད་རྩི་ལགས།། གངས་ཅན་སྔོ་སྨན་བསིལ་ནུས་ཀྱིས།། ཤིང་བཅུད་ག་བུར་ཟིལ་གནོན་ཞེས།། དྲང་སྲོང་ཆེ་འགས་བསྔགས་པ་ཡིན།། དེ་དོན་ལག་ལེན་ཁོ་བོས་སྦྱིན།། ཞེས་སྨན་སྦྱོར་ཉུང་ངུར་དོན་སྣོད་སོགས་ནད་རིགས་མང་པོར་ཁ་སྦྱོར་ཆོག་ལ་སྨན་རྒྱུའང་ས་གནས་རང་དུ་ཤིན་ཏུ་མོད་པ་ཅན་ལྟ་བུ་ཁོང་རང་ནས་མཛད་པའི་གསོ་རིག་བསྟན་བཅོས་ཁག་དང་།

༼གསོ་རིག་མན་ངག་གཅེས་བསྡུས་ཉམས་མྱོང་ངེས་སྙེད་བདུད་རྩིའི་གཏེར་བུམ་ཞེས་བྱ་བ་བཞུགས་སོ།༽ཞེས་པའམ་ཡོངས་གྲགས་སུ་རྒྱལ་རྒན་གཅེས་བསྡུས་སུ་འབོད་པ་མི་དབང་དཀོན་མཆོག་ལྷ་རྒྱལ་གྱིས་མཛད་པ།

༼གསོ་རིག་གཅེས་བསྡུས་ཀྱི་གསལ་བྱེད་གཏེར་བུམ་ཁ་རྒྱན་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ།༽ཞེས་པ་ལྷ་མཆོག་ཚེ་དབང་དཔལ་འབྱོར་གྱིས་མཛད་པ།

༼འབྲོང་སྨན་མཁས་པའི་ཉམས་ཡིག་འཆི་མེད་བདུད་རྩིའི་ཞལ་རྒྱུན་མ་བུ་བཅུ་གསུམ་ལས་གསང་བ་བུ་ཡིག་གཅུང་པོ་བཞུགས་སོ།༽ཞེས་པ་མི་དབང་དཀོན་མཆོག་ལྷ་རྒྱལ་གྱི་སློབ་བུ་ཀུན་བཟང་མཆོག་སྤྲུལ་གྱི་སློབ་མ་ཞིག་གིས་བསྒྲིགས་པ།

༼གསོ་བ་རིག་པའི་མན་ངག་འབྲོང་སྨན་མཁས་པའི་ཟབ་ཏིག་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ།༽ཞེས་པ་འཚོ་བྱེད་ཀརྨ་ཨ་ཀ་རས་བསྒྲིགས་པ།

༼འབྲོང་སྨན་སྙིང་ཐིག་ལག་ལེན་དགོས་འབྱུང་ནོར་བུའི་ཕྲེང་བ་ལས་བྱུང་བ་ལྟར་གཞན་དུ་མ་ཚང་བ་ཅུང་ཟད་བྲིས་སོ།༽ཞེས་པའི་མཇུག་ཏུ་ཞལ་ནས་བྱུང་བའི་སྙན་རྒྱུད་མ་གཏོགས་ཡི་གེ་ནི་མ་བྱུང་བས་ཕུགས་ཡོད་ལ་ཆགས་བཞག་ཀྱང་དཔེ་རྒྱུན་ཨི་ལོ་མི་ཤེས་གསང་རྒྱ་ཡིན་གསུངས་ཅེས་པའི་མཛད་བྱང་ཅན།

༼འབམ་བཅོས་ཕན་བདེའི་དཔལ་སྟེར་བཞུགས་སོ།༽ཞེས་པ་སློབ་བུ་ཆོས་འཕེལ་དགྱེས་བསྐང་ཕྱིར།། སྨན་པ་གུ་རུའི་མིང་གིས་བྲིས།། ཅེས་པ།

༼སྐྲན་བཅོས་ཉམས་མྱོང་མདོར་བསྡུས་ལག་ལེན་ཞལ་ཤེས།༽ཅེས་པར་སྟོང་ནག་བསྟན་འཛིན་རབ་རྒྱས་ཀྱི་ཕྱག་བཞེས་འཁྲུལ་མེད་འདི་་་་་་གཤེན་བནྡེས་བདག་ལ་བསླབ་ཅེས་པ་སོགས་ཀྱི་མཛད་བྱང་ཅན། དེ་དང་ནང་དོན་གྱི་ཆ་ནས་ཧ་ལམ་གཅིག་ལ་ཡིག་ཚོགས་ཅུང་མི་འདྲ་བ།

༼སྐྲན་བཅོས་ཉམས་མྱོང་མདོར་བསྡུས་བཞུགས་སོ།༽ཞེས་པར་སྟོང་ནག་བསྟན་འཛིན་རབ་རྒྱས་ཀྱི་ཕྱག་ལེན་འཁྲུལ་མེད་མན་ངག་ཆིག་རྒྱུད་གསང་བ་བཀའ་རྒྱ་མའོ་ཞེས་པའི་མཛད་བྱང་ཅན།

༼རལ་གྲི་ཕྱུངས་རྒྱག༽ཅེས་པ་རབ་འབྱོར་ཀརྨ་མཚན་དཔེས་མཛད་པ་སོགས་སློབ་བརྒྱུད་དང་བཅས་པ་རྣམས་ཀྱིས་ཞལ་རྒྱུན་རྣམས་ཕྱོགས་བསྒྲིག་དང་རང་རང་གི་མྱོང་བྱང་ཡིག་གེར་ཕབས་པ་དག་རེད་འདུག། ད་ལམ་འདིར་སྟོང་ནག་བསྟན་འཛིན་རབ་རྒྱས་དང་སྟོང་ནག་ལུགས་ཀྱི་གསོ་བ་རིག་པའི་ཕྱག་ལེན་ངོ་སྤྲོད་ཤིན་ཏུ་མདོར་བསྡུས་སུ་ཞུས་པ་འདི་ནི་ལས་ཀའི་ཞོར་དང་དཔྱད་གཞིའི་ཡིག་རིགས་དབེན་ལ་ཡོད་པ་དག་ལའང་ལས་ཀའི་དབང་གིས་ཞིབ་ཏུ་མཇལ་ཁོམས་མ་བྱུང་བས་གཙོ་བོ་ངག་རྒྱུན་རྣམས་ཡི་གེར་བཏབ་པ་ལགས་པས་འགལ་འཁྲུལ་མི་ཉུང་བ་མཆིས་ངེས་རྣམས་གཟུར་གནས་མཁས་པའི་མདུན་སར་འཆགས་ཤིང་ཕྱི་ནས་འཐུས་ཚང་ཡོང་ཕྱིར་དགོངས་འཆ་ལྷུག་པོར་བསྩལ་བའི་གསོལ་བ་སྙིང་ནས་ཞུ་བ་དང་། འདིར་མ་འདུས་པའི་སྟོང་ནག་བསྟན་འཛིན་རབ་རྒྱས་ཀྱི་གསོ་རིག་གསུང་རྩོམ་སྐོར་གཞན་ནི་ལྕི་ཆུའི་བརྒྱུད་སྟོད་སྨད་བར་གསུམ་དང་ཟླ་ཆུའི་སྟོད་སྨད་བར་གསུམ་གཙོ་བོར་གྱུར་པའི་བོད་མདོ་དབུས་ཁམས་གསུམ་གྱི་ས་ཕྱོགས་གང་སར་ཁ་འཐོར་དུ་གྱར་ནས་ཡོད་སྲིད་པས། འདིར་བཞུགས་མཁས་དབང་རྣམས་པས་ཐུགས་ཀྱི་དབྱིངས་ལས་མི་བོར་བར་ནན་ཏན་གྱིས་བཙལ་བར་འོས་པའི་གནས་སུ་ལགས་ལ། བཙལ་བར་གསོལ་བའི་དྲན་བསྐུལ་གྱི་ཐར་མོ་སྙིང་གར་ལན་བརྒྱར་བཀོད་བཞིན་པ་ལགས་སོ།།  

ཤཱཀྱའི་བསྟན་ལ་དགེ་སློང་རྡོ་རྗེ་འཛིན།། ཀརྨ་བཀའ་བརྒྱུད་རིན་ཆེན་དབང་གི་རྒྱལ།། བསྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་འཛིན་མཛད་པ།། འཇམ་དབྱངས་བླ་མ་དམ་པར་གསོལ་བ་འདེབས།། ལྷག་བསམ་རྣམ་དག་རཏྣ་ལྷུན་པོ་རུ།། བྱང་ཆུབ་སེམས་ཀྱི་དཔག་བསམ་ལྗོན་བཟང་འཁྲུངས།། བསྐྱེད་རྫོགས་ལོ་འབྲས་དྲི་མེད་སྙིང་པོ་སྟེ།། རྗེ་བཙུན་ཁྱེད་དང་མཉམ་པར་བྱིན་གྱིས་རློབས།། ཅེས་ཀརྨ་པ་བདུད་ཚོགས་འདུལ་བའི་རྡོ་རྗེའི་གསུངས་བྱིན་རླབས་ཅན་གྱིས་མཐའ་ལེགས་པར་བརྒྱན་པའོ།།

ཐམས་ཅད་བཀྲ་ཤིས་ཤིང་བདེ་ལེགས་ཕུན་སུམ་ཚོགས་པར་གྱུར་ཅིག།     །།