བོད་ལུགས་གསོ་རིག་ལྟར་ན། ཆམ་པར་དབྱེ་བ་གྲེ་ཆམ་དང་། གློ་ཆམ། རིམས་ཆམ། སྣ་ཆམ་བཅས་བཞི་རུ་བསྟན་ནོ།

གྲེ་ཆམ་གྱི་ནད་རྟགས་ནི། ཐོག་མར་གྲེ་བ་དང་རྐན་མཚུལ་ཚ། བར་དུ་སྣ་ཆུ་འཛག་ཅིང་མཚུལ་པ་འགག ཐ་མར་སྦྲིད་པ་མང་པོ་བསྟུད་ཅིང་འོང་བའོ།།

གློ་ཆམ་གྱི་ནད་རྟགས་ནི།  ཐོག་མར་གྲེ་བ་ཚ་ཞིང་སྐད་འཛེར། བར་དུ་གློ་མང་དུ་ལུ་བ་དང་མགོ་དང་བྲང་རྒྱབ་ན། ཐ་མ་ལུད་པ་རྣག་ཏུ་ལུ་ཞིང་བཅོས་མ་ཐུབ་ན་གློ་གཅོང་དུ་འགྱུར་ཉན་ཡོད།

རིམས་ཆམ་གྱི་ནད་རྟགས། རིམས་ཆམ་ཕོག་པའི་ནད་པར་འབྲེལ་གཏུག་བྱས་པ་ལས་ན་ཞིང་། མགོ་དང་ཚིགས་གཞི། རོ་སྟོད། བརླ་རྐེད་སོགས་བརྡུངས་པ་ལྟར་ན། ཁ་ཁ། གྲང་ཤུམ་བྱེད།  དང་ག་མི་བདེ། རྨི་ལམ་ཟ་ཟི་མང་བ་སོགས་ཀྱི་ནད་རྟགས་འབྱུང་།

སྣ་ཆམ་གྱི་ནད་རྟགས་ནི། སྣ་དང་མཚུལ་པ་ཚ་ཞིང་གཡའ་བ་དང་། སྣ་ཆུ་ཡང་ཡང་འབྱུང་བ་སོགས་ཀྱི་ནད་རྟགས་འབྱུང་།

གྲེ་ཆམ་གྱི་བཅོས་ཐབས། གྲེ་ཆམ་ལ་ཁ་ཟས་རྙིང་བ་དང་རུལ་བ། སྤྱོད་ལམ་མེ་ཉི་སོགས་དྲོད་ཚད་ཆེ་བ་དང་དྲག་ཤུལ་གྱི་ལས་སོགས་སྤང་རྒྱུ་དང་། ཆུ་ཁོལ་མང་དུ་བསྟེན་དགོས།

གློ་ཆམ་གྱི་བཅོས་ཐབས་སུ། ཨ་རུ་རྡོག་གཅིག་ཁ་རུ་མུར་བ་དང་། སྲོ་ལོ༣ཐང་དང་། ལི་ཤི་དྲུག་པ་སོགས་བསྟེན། མཇུག་ཏུ་ཆམ་རྒན་དུ་གྱུར་ན་ལུད་པ་མ་ཆོད་ན། ག་བུར་༢༥བསྟེན་ནས་ཚ་བ་གཏིང་ནས་བཏོན་རྗེས། བུར་དཀར་སོགས་ཀྱིས་གློ་རླུང་གསོ་དགོས།  

རིམས་ཆམ་གྱི་བཅོས་ཐབས། རིམས་ཆམ་མམ་ཆམ་རིམས་བཅོས་ཐབས་ནི། ཁ་ཟས་སྨྱུང་བར་བྱ་ཞིང་། ཆུ་སྐོལ་མང་དུ་བཏུང་། ནོར་བུ༧ཐང་དང་འཕྲུལ་ཐང་སོགས་བཏང་ནས་རྔུལ་དབྱུང་། ཚ་བ་སྨིན་ནས་རིམས་ཆམ་གྱི་གཉེན་པོ་དངོས་བསྟེན་དགོས། དྲག་ཤུལ་གྱི་ལས་དང་ཟས་བཅུད་ཅན་ཐལ་དྲགས་མི་ཉན་པའོ།།

སྣ་ཆམ་གྱི་བཅོས་ཐབས་སུ། ཡོས་བརྔོས་པའི་རླངས་པ་སྣ་ནས་བདུག་དགོས་པ་དང་། ཆུ་ཁོལ་དང་། ཕྱེ་ཚོད། ཞོ་དར་སོགས་བསྟེན་ཅིང་། དྲག་ཤུལ་དང་ཉིན་གཉིད། ཁ་ཟས་དྲོད་བཅུད་བཅས་སྤང་བར་བྱའོ།  


来源:青海省藏医院