རྒྱུན་ཤེས།

མ་སྨིན་ཚ་བ་བཅོས་ཐབས།

རིམས་ཚད་སོགས་ཐོག་མར་ན་ནས་གྲང་ཤུམ་བྱེད་པ་དང་ཚིགས་གཞི་ན་བ་སོགས་ཚ་བ་མ་སྨིན་པའི་སྐབས། གཉེན་པོ་བསིལ་བ་དང་གཉན་སྨན་རིགས་བསྟེན་སྔ་དྲགས་མི་ཉན་པར། ཐོག་མར་ནོར་བུ༧ཐང་དང་། འཕྲུལ་ཐང་སོགས་བསྟེན་ན་བཅོས་སླ་བ་དང་། ནད་རོ་མི་ལུས་པའི་དགེ་མཚན་ཆེའོ།།

    རྒྱས་ཚད་བཅོས་ཐབས།

༼རྒྱས་པའི་ཚ་བ་འབར་བའི་མེ་དཔུང་བསད།།༽  ཅེས་བསྟན་པ་ལྟར་ཚ་བ་རྐྱང་པ་ཧ་ཅང་རྒྱས་པའི་སྐབས་བསིལ་བཅོས་ཀྱི་སྟོབས་སྐྱེད་དགོས་པ་སྟེ་སྤང་རྩི་བཅུ་གཉིས་དང་། རྟ་ཟི་དམར་པོ། གཙོ་བོ་བརྒྱད་པ་སོགས་བསིལ་སྨན་རིགས་གཏོང་དགོས།   གབ་ཚད་བཅོས་ཐབས།

 ༼གབ་ཚད་གྲང་བའི་མགོ་ཕུར་དྲོད་ཀྱིས་བཤུ། ། ༽   ཞེས་བསྟན་པ་ལྟར་ཐོག་མར་སྨན་སེ་འབྲུ་དང་ཨ་གར་རིགས་ཀྱིས་གྲང་རླུང་གིས་འགོ་མནན་པ་དེ་བཤུས་རྗེས་གཙོ་བོ་བརྒྱད་པ་དང་། ཅུ་གང་བདེ་བྱེད། ཐང་ཆེན་ཉེར་ལྔ་སོགས་ཀྱིས་གཏིང་ཚད་འདོན་པ་བཅས་ཀྱི་ཐབས་ཤེས་ལ་བརྟེན་ནས་བཅོས་དགོས།།

 རྙིངས་ཚད་བཅོས་ཐབས།

    ༼རྙིངས་པའི་ཚ་བ་ཞེན་པའི་རྩི་དང་དབྲལ། ། ༽     ཞེས་བསྟན་པ་ལྟར་ལུས་ཟུངས་ལ་རྩི་ལྟར་ཞེན་པའི་རྙིངས་ཚད་དེར་ཐོག་མར་སླེ་ཏྲེས་ལྔ་ཐང་དང་། ཐང་ཆེན་ཉེར་ལྔ་སོགས་ཀྱི་བསྡུ་སྨན་བཏང་རྗེས་ཟླ་ཤེལ་ཆེན་མོ་དང་། ག་བུར་ཉེར་ལྔ། ཨ་གར་སོ་ལྔ་སོགས་འབྲེལ་ཡོད་སྨན་སྦྱོར་རྣམས་ནད་རྟགས་དང་བསྟུན་ནས་གང་ལ་དེ་འཚམ་གྱིས་བེད་སྤྱོད་བྱས་ཏེ་ཡུན་སྲིངས་ནས་བཅོས་དགོས།  

   རྙོགས་ཚད་བཅོས་ཐབས།

༼ རྙོགས་པའི་ཚ་བ་ཆུ་སེར་རང་སར་སྐེམ། །  ༽    ཞེས་བསྟན་པ་ལྟར། ཐོག་མར་འབྲས་བུ་གསུམ་ཐང་དང་སླེ་ཏྲེས་ལྔ་ཐང་ལྟ་བུས་སྨིན་པར་བྱས་ཐོག ག་བུར་ཉེར་ལྔ་རུས་ཐང་གི་སྨན་རྟ་བྱས་ཏེ་བཏང་ནས་རླུང་གནོན་ཚ་སེལ་བྱས་རྗེས་སྤོས་དཀར་བཅུ་པ་དང་།    སེང་ལྡེང་ཉེར་གསུམ་སོགས་འབྲེལ་ཡོད་སྨན་སྦྱོར་སྤྱད་དེ་ཆུ་སེར་སྐེམས་པ་དང་། གང་རྒྱས་ཀྱི་རྩ་ཁ་མང་དུ་དབྱེ་བ་སོགས་ལ་བརྟེན་ནས་རང་སར་བཅོས་སྐྱེད་ཡོང་བ་མ་བྱས་ཚེ་མཐར་སྙིང་ག་དང་། རུས་ཚིགས། ཤ་པགས་སོགས་ལ་གྲམས་ནས་ནད་འགྱུར་ཚབས་ཆེན་བཟོ་བ་ཡིན་ནོ།

  འགྲམས་ཚད།

  ༼འགྲམས་ཀྱི་ཚ་བ་ལུས་ཟུངས་རང་སོར་གཞུག  ༽     ཅེས་བསྟན་པ་ལྟར། ཕྱི་ནང་གི་གནས་གང་དུ་འགྲམས་ཡོད་རུང་།  གནས་དེ་རང་གི་གཉེན་པོ་བསྟེན་ཏེ་གཉན་ཚད་གཅོག་པ་དང་ལུས་ཟུངས་གསོ་བ་བརྒྱུད་ནས་བཅོས་སྐྱེད་ཡོང་བ་བྱེད་དགོས་པ་རེད། འཁྲུགས་ཚད་ཀྱི་བཅོས་ཐབས།

  ༼འཁྲུགས་ཀྱི་ཚ་བ་དབྱེ་བསད་དབྱུང་བས་མཉམ།   ༽    ཞེས་བསྟན་པ་ལྟར་བསིལ་སྨན་རིགས་ཀྱིས་གཉན་ཁ་གཅོག་པ་དང་ཚ་བ་སེལ་དགོས་སྟབས་ཐོག་མར་ཏིག་ཏ་དང་། སླེ་ཏྲེས། སྐྱུ་རུ་ར། བ་ཤ་ཀ་བཅས་ཆ་མཉམ་བསྡུས་པའི་ཐང་གིས་དབྱེ་རྗེས་སྤང་རྩི་བཅུ་གཉིས་དང་། རྟ་ཟི་དམར་པོ། གྷི་ཙན། གཙོ་ཁྱུང་། འཁྲུགས་གློ་ཀུན་སེལ། གློ་ཚད་ཀུན་སེལ་སོགས་རྒྱུན་སྤྱོད་སྨན་སྦྱོར་རིགས་ཀྱིས་བསད་དགོས་པ་དང་། གཞན་ཡང་སྦྱོངས་གཏོང་བ་དང་། ཁྲག་གཏར་བ། བསིལ་དུགས་རྒྱག་པ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་དབྱུང་དགོས།

 སྟོངས་ཚད་ཀྱི་བཅོས་ཐབས།

རླུང་ཤས་ཆེ་བའི་ནད་པར་ཚད་ནད་ན་སྐབས། ཟས་སྤྱོད་སྨན་དཔྱད་བསིལ་བ་ཤས་ཆེ་དྲགས་པས་ཚ་བ་ཆོག་ནས་རླུང་སྐྱེས་ཏེ་ཚད་གཞུག་འབུད་པས་སྟོངས་ཚད་དུ་འགྱུར་བས། དེ་རིགས་ལ་གཉེན་པོ་བསིལ་ཐལ་དྲགས་མི་རུང་།

     ཚ་བ་ཕྲན་བུ་བཅོས་ཐབས།

ཚ་བ་ཕྲན་བུ་ན་སྐབས་ཟས་སྤྱོད་མ་གཟབ་པར་གང་བྱུང་དུ་བསྟེན་པ་དང་། ཚ་བ་མ་སྨིན་པ་བཅོས་སྔ་དྲགས་པ། སྨན་དཔྱད་སོགས་གཉེན་པོ་ཤུགས་ཆུང་དྲགས་པས་བཅོས་མ་ཐུབ་པར་ཡུན་རིང་དུ་ལུས་ནས་རྙིང་ཚད་དུ་འགྱུར་བས་ན། ཚ་བ་ཕྲན་བུ་བྱུང་ཡང་མཐོང་ཆུང་མི་བྱེད་པར་ཚུལ་བཞིན་དུས་ཐོག་ཏུ་བཅོས་དགོས།

 

来源:青海省藏医院